ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་གིས་ད་ལོར་སྡོང་བོ་འབུམ་གཉིས་དང་ཁྲི་གསུམ་བཙུགས།
2017.07.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 9

ཟླ6པའི་ཚེས29ཉིན། གསར་འགོད་པས་ཁྲི་འདུ་རྫོང་ཁོར་ཡུག་སྲུང་སྐྱོབ་དང་ནགས་ལས་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ད་ལོར། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་གིས་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་འབུར་ཐོན་བྱས་ཏེ་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་དམིགས་འབེན་དུ་བཟུང་ནས་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་བྱེད་ཐབས་བདུན་ལག་བསྟར་གཏིང་ཟབ་བྱས་ཏེ་ཁྱོན་ཡོངས་ནས་རྒྱལ་ཁབ་ཀྱི་ས་ཁོངས་ལྗང་སྒྱུར་གྲུབ་འབྲས་སྲ་བརྟན་མཐོར་འདེགས་སུ་བཏང་། མིག་སྔའི་བར་དུ། རྫོང་ཡོངས་སུ་བསྡོམས་པས་སྡོང་བོ་འབུམ་གཉིས་དང་ཁྲི་གསུམ་སྟོང་བདུན་ལྔ་བརྒྱ་དང་གཅིག་བཙུགས་པ་དང་མིས་བཟོས་ནགས་སྐྲུན་རྒྱ་ཁྱོན་སྤྱི་ཆིང་དགུ་བཅུ་གསར་སྣོན་བྱས།

སྔར་ལས་ལྷག་པའི་སྒོ་ནས་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་ཤུགས་ཚད་ལ་ཤུགས་སྣོན་པ་དང་། བྱེ་རྡོ་ལྐོག་ནས་བརྐོ་བ་དང་གང་འདོད་དུ་བརྐོ་བ། ལས་གཞི་འཛུགས་སྐྲུན་གྱི་རྒྱུ་ཆ་འདེམས་ར་ཁྲིམས་མཐུན་མིན་པའི་བྱ་སྤྱོད་ལ་ཁྲིམས་ལྟར་ཆམ་ཕབ་ནན་མོ་བཏང་བ་མ་ཟད། ཁྲི་འདུ་རྫོང་གིས་རྒྱལ་ལམ214ལམ་རྒྱུད་དང་མཁར་གྲོང་མཐའ་འཁོར་གྱི་ཁོར་ཡུག་གཙང་སྦྲ་མི་ལེགས་པའི་གནད་དོན་གཙོ་བོ་ཐག་གཅོད་བྱས་ནས་ཞང་དང་གྲོང་རྡལ། སྡེ་བ། རུ་ཁག་སོ་སོས་བཀོད་སྒྲིག་བྱས་པའི་འཚོ་བའི་གད་སྙིགས་བརྒྱུད་འདྲེན་སྒྲིག་ཆས་ཀྱིས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ཁྲོད་ཀྱི་བཀོལ་སྤྱོད་ཕན་ནུས་འདོན་སྤེལ་གང་ལེགས་བྱས།