མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གནས་སྐོར་སྤྱོད་ཁང་འཛུགས་སྐྲུན་དང་དོ་དམ་ཐད་ཀྱི་སྐུལ་སྤེལ་གྲོས་ཚོགས་ཟླ་བདུན་པའི་ཚེས་བཞི་ཉིན་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ནས་བསྡུས། ཚོགས་ཐོག་ནས་མཚོ་སྔོན་གྱི་གནས་སྐོར་སྤྱོད་ཁང་འཛུགས་སྐྲུན་བྱ་བར་སྤྱི་སྡོམ་བྱས་པ་དང་། ས་ཆ་སོ་སོའི་གནས་སྐོར་སྤྱོད་ཁང་འཛུགས་སྐྲུན་དང་དོ་དམ་བྱ་བའི་ཁྲོད་གནས་པའི་གནད་དོན་དང་མི་འདང་ས་ཁྱབ་བསྒྲགས་བྱས་ལ། ཁོངས་ཡོངས་གནས་སྐོར་དང་དུས་ཡོངས་གནས་སྐོར་གྱི་འདུ་ཤེས་གསར་བ་འཛུགསཔ་དང་། རྒྱུན་མཐུད་ངང་ཞིང་ཆེན་ཡོངས་ཀྱི་གནས་སྐོར་སྤྱོད་ཁང་ཐད་ཀྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་དགོས་ཞེས་ནན་གྱིས་བསྟན།
རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ་ཞིང་ཆེན་གནས་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གིས་ཟི་ལིང་གྲོང་ཁྱེར་གྱི་གནས་སྐོར་སྤྱོད་ཁང་བཅོ་བརྒྱད་དང་མཚོ་ཤར་གྲོང་ཁྱེར་གྱི་སྤྱོད་ཁང་བརྒྱ་དང་བཅུ་དགུ མཚོ་ནུབ་ཁུལ་གྱི་སྤྱོད་ཁང་དོན་གསུམ། མཚོ་ལྷོ་ཁུལ་གྱི་སྤྱོད་ཁང་གོ་གཅིག མཚོ་བྱང་ཁུལ་གྱི་སྤྱོད་ཁང་བརྒྱ་དང་བཅུ་གཉིས། རྨ་ལྷོ་ཁུལ་གྱི་སྤྱོད་ཁང་རེ་བརྒྱད། མགོ་ལོག་ཁུལ་གྱི་སྤྱོད་ཁང་ང་བཞི། ཡུས་ཧྲུའུ་ཁུལ་གྱི་སྤྱོད་ཁང་ཞེ་བདུན། མཚོ་སྔོན་པོ་ལྗོངས་རྒྱུ་ཁུལ་གྱི་སྤྱོད་ཁང་སོ་གསུམ་བཅས་ཀྱི་འཛུགས་སྐྲུན་དང་དོ་དམ་གནས་ཚུལ་ལ་བརྟག་བཤེར་བྱས་པ་མ་ཟད། དུས་མཉམ་དུ་ལྐོག་བཤེར་དང་འཐེན་ཞིབ་བྱ་བ་སྤེལ། བརྟག་བཤེར་གནས་ཚུལ་ལ་བལྟས་ན། ས་ཆ་མང་ཆེ་ཤས་ཀྱིས་ཞིང་ཆེན་ཡོངས་ཀྱི་གནས་སྐོར་སྤྱོད་ཁང་འཛུགས་སྐྲུན་དང་དོ་དམ་གྱི་ཚད་གཞི་དང་བྱ་བའི་རེ་བ་ལྟར་སྤྱོད་ཁང་འཛུགས་སྐྲུན་དང་དོ་དམ་བྱ་བ་སྤེལ་བཞིན་ཡོད་པ་ཤེས་ཐུབ།
རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་ཉེ་བའི་ལོ་འགའི་རིང་ལ། མ་དངུལ་སྒོར་དུང་ཕྱུར་གཉིས་ཙམ་བཏང་སྟེ། གནས་སྐོར་སྤྱོད་ཁང་འཛུགས་སྐྲུན་དང་བསྒྱུར་བཀོད་བྱས་པ་དང་། གནས་སྐོར་སྤྱོད་ཁང་འཛུགས་སྐྲུན་དང་དོ་དམ་བྱེད་རྒྱུ་དེ་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་ཕན་ཡོད་འདོན་སྤྲོད་ཁ་སྣོན་བྱེད་པའི་ནང་དོན་གལ་ཆེན་དུ་བརྩིས་ནས་བྱ་བ་བཟང་བོར་སྤེལ་བས། ས་ཆ་སོ་སོའི་དགའ་བསུ་ཐོབ་པ་མ་ཟད། གནས་སྐོར་སྤྱོད་ཁང་འཛུགས་སྐྲུན་དེ་གནས་སྐོར་ལས་རིགས་འཕེལ་རྒྱས་སུ་གཏོང་བའི་རྨང་གཞི་བཟོ་སྐྲུན་དང་དཔལ་ཡོན་བཟོ་སྐྲུན། དམངས་ཚིས་བཟོ་སྐྲུན་དུ་བརྩིས་ནས་དམ་འཛིན་བྱས་ཏེ། གནས་སྐོར་སྤྱོད་ཁང་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་པ་དང་། གནས་སྐོར་བ་ཡིད་ཚིམ་པར་བྱས།
2016ལོའི་བར་དུ། ཞིང་ཆེན་ཡོངས་ཀྱི་གནས་སྐོར་སྤྱོད་ཁང་བརྒྱད་བརྒྱ་དང་རེ་བཞི་འཛུགས་སྐྲུན་དང་བསྒྱུར་བཀོད་བྱས་པ་དང་། ད་ལོར་གནས་སྐོར་སྤྱོད་ཁང་སུམ་བརྒྱ་དང་དོན་བདུན་འཛུགས་སྐྲུན་དང་བསྒྱུར་བཀོད་བྱེད་རྒྱུའི་འཆར་གཞི་ཡོད་ལ། 2017ལོའི་ལོ་མཇུག་བར་དུ་ཞིང་ཆེན་སྲིད་གཞུང་གིས་གཏན་ཁེལ་བྱས་པའི་གནས་སྐོར་སྤྱོད་ཁང་སྟོང་གཅིག་འཛུགས་སྐྲུན་དང་བསྒྱུར་བཀོད་བྱེད་པའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་རྒྱུ་རེད།