རྒྱལ་ཁབ་ཀྱིས་མཚོ་སྔོན་གྱི་ཕྱུགས་སྐྱུར་རྩྭ་འདེབས་བཟོ་སྐྲུན་ཐད་སྔོན་རྩིས་ནང་ཚུད་པའི་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་བརྒྱད་ས་ཡ་དགུ་གཏོང་རྒྱུ་རེད།
2017.07.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 7

ཉེ་ལམ། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་དང་ཞིང་ལས་སྡེ་ཁག་གིས་ཉིས་སྟོང་བཅུ་བདུན་ལོའི་ཕྱུགས་བསྐྱུར་རྩྭ་འདེབས་བཟོ་སྐྲུན་འཛུགས་སྐྲུན་བྱ་བའི་འོས་འགན་བསྒྲགས་ཤིང་། མཚོ་སྔོན་གྱིས་ཀྲུང་དབྱང་གི་སྔོན་རྩིས་ནང་ཚུད་པའི་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་བརྒྱད་ས་ཡ་དགུ་འབུམ་ལྔ་ཁྲི་གཉིས་བརྩོན་ལེན་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། བརྩོན་ལེན་བྱས་པའི་མ་དངུལ་དེས་སྤྱི་ཆིང་འབུམ་བདུན་ལ་རྩྭ་ར་སྐོར་རྒྱུ་ཡིན་པ་དང་། སྤྱི་ཆིང་སྟོང་དྲུག་དང་བདུན་བརྒྱ་ལྷག་གི་རྩྭ་ཐང་ཉམས་ཞན་དུ་འགྲོ་བར་ཉམས་གསོ་བྱེད་རྒྱུ། སྤྱི་ཆིང་སྟོང་གསུམ་དང་སུམ་བརྒྱའི་སྟེང་ནས་ལོ་ངོ་དུ་མར་མིས་བཟོས་གཟན་རྩྭ་འདེབས་རྒྱུ། སྤྱི་ཆིང་སྟོང་དྲུག་དང་བདུན་བརྒྱ་ལྷག་ལ་ས་ནག་བཅོས་སྐྱོང་བྱེད་རྒྱུ། སྤྱི་ཆིང་སྟོང་དྲུག་དང་བདུན་བརྒྱ་ལྷག་ལ་རྩྭ་སར་གནོད་པའི་དུག་སེལ་བཅོས་སྐྱོང་བྱེད་རྒྱུ། ཁྱིམ་ཚང་སྟོང་གསུམ་ལ་གཟན་རྩྭ་འདོན་སྤྲོད་བྱེད་རྒྱུ་རེད། ཟླ་དྲུག་པའི་ཟླ་མགོ་ནས་བཟུང་། བཟོ་སྐྲུན་འཛུགས་སྐྲུན་གྱི་འོས་འགན་དང་དངུལ་གཏོང་འཆར་གཞི་ཚང་མ་ལས་གཞི་གཉེར་བཞིན་པའི་རྫོང་ཁག་སོ་སོར་སྤྲོད་རྒྱུ་རེད།

ཕྱུགས་བསྐྱུར་རྩྭ་འདེབས་བཟོ་སྐྲུན་གྱི་དོ་དམ་བྱེད་ཐབས་སྔར་ལས་འཐུས་ཚང་དུ་གཏོང་ཆེད། ད་ལོ་ནས་བཟུང་། རྒྱལ་ཁབ་ཀྱིས་བཟོ་སྐྲུན་ལག་བསྟར་ཁྱབ་ཁོངས་ལ་ཚད་བཀག་མ་བཟོས་པར། ཞིང་ཆེན་གྱི་ས་ཁུལ་རྣམས་ཀྱིས་བཟོ་སྐྲུན་གྱི་འཆར་འགོད་གཞིར་བཟུང་ནས་རང་བདག་གཏན་འབེབས་བྱེད་རྒྱུ་རེད། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་རོགས་དངུལ་དང་དགའ་རྟགས་སྟེར་བའི་སྲིད་ཇུས་གྱི་ལག་བསྟར་ཁྱབ་ཁོངས་དང་གཅིག་གྱུར་བྱས་ཏེ། མཚོ་སྔོན་གྱིས་ད་ལོར་ཟི་ལིང་གི་རྫོང་ཁག་གསུམ་དང་མཚོ་ཤར་གྱི་རྫོང་ཁག་དྲུག། མཚོ་ནུབ་ཀྱི་རྫོང་ཁག་གསུམ་བཅས་བཟོ་སྐྲུན་ལག་བསྟར་ཁྱབ་ཁོངས་སུ་བཞག་ཡོད་ཅིང་། ཞིང་ཆེན་ཡོངས་ནས་རྫོང་ཞེ་གཅིག་དང་འབྲོག་ས་དྲུག་ལ་ཕྱུགས་བསྐྱུར་རྩ་འདེབས་བཟོ་སྐྲུན་བཀོད་སྒྲིག་བྱས་ཡོད་པས། དེས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཕྱུགས་ལས་ས་ཁུལ་གྱི་རྩྭ་ཐང་སྐྱེ་ཁམས་མ་ལག་གི་བྱེད་ནུས་སླར་གསོ་ཡོང་བར་བྱེད་ནུས་མི་དམན་པ་ཐོན་ཐུབ། མིག་སྔར་ས་གནས་སོ་སོས་ལག་བསྟར་ཐབས་ཇུས་གཏན་འབེབས་བཟོས་ཏེ། ལས་གཞི་མྱུར་མོར་བསྒྲུབ་མགོ་རྩོམ་ཐུབ་པར་སྟ་གོན་གང་ལེགས་བྱེད་ཀྱིན་ཡོད།