ཉེ་ཆར། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས2017ལོའི་སྐོར་ཐེངས་དང་པོའི་སྲོལ་རྒྱུན་གྱི་རྨང་གཞིའི་སྒྲིག་ཆས་ཁྱབ་ཁོངས་ཀྱི་སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་བྱེད་པའི་འོས་སྦྱོར་ལས་གཞི་མཚམས་སྦྱོར་བྱས་པ་མ་ཟད། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་དྲ་ཚིགས་ཀྱི་སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩས་མཉམ་ལས་བྱེད་པའི་ཆེད་དོན་ལེ་ཚན་ནང་ཁྱབ་སྒྲོག་བྱས།
དངུལ་གཏོང་དང་མ་དངུལ་མཉམ་བསྲེས་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། ཁྱབ་ཁོངས་གཙོ་བོའི་དངུལ་གཏོང་དང་མ་དངུལ་མཉམ་བསྲེས་ཀྱི་ལམ་ལུགས་རྐྱེན་སྲོལ་གསར་གཏོད་བྱས་ནས་སྤྱི་ཚོགས་དངུལ་གཏོང་ལ་རྒྱབ་སྐྱོར་བྱེད་པ། གཟབ་ནན་གྱིས་སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་རྣམ་པར་ཡར་སྐུལ་བྱེད་ཆེད། ཐེངས་འདིའི་འོས་སྦྱོར་ལས་གཞི་བརྒྱ་དང་ཉེར་གཉིས་ལ་བསྡོམས་པས་མ་དངུལ་སྒོར་ཁྲག་ཁྲིག་གཅིག་དང་ཐེར་ཆེན་བརྒྱད་ཐེར་འབུམ་དགུ་བྱེ་བ་དགུ་བཏང་ནས། གཙོ་བོར་ཆུ་བེད་དང་འགྲིམ་འགྲུལ། ནུས་ཁུངས། གྲོང་ཁྱེར་དོ་དམ་གྱི་ལས་དོན། སྐྱེ་ཁམས་ཁོར་ཡུག་སོགས་ཁྱབ་ཁོངས་དྲུག་དང་འབྲེལ་ཡོད་པས། རྒྱལ་ཁབ་ཀྱི་ཐོན་ལས་སྲིད་ཇུས་དང་མཚོ་སྔོན་གྱི་འཕེལ་རྒྱས་དོན་དངོས་དང་མཐུན། འོས་སྦྱོར་ལས་གཞི་ལས་སྲིད་གཞུང་གི་རྒྱབ་སྐྱོར་དང་ཟབ་ཞུགས་བྱེད་ཐབས། བཀོལ་སྤྱོད་བྱེད་ཐབས་དང་ལས་གཞིའི་འབྲེལ་གཏུགས་མི་སྣ་སོགས་བརྡ་འཕྲིན་གཏན་ཁེལ་གསལ་བོ་བྱས་ཡོད།
མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ས་ཁུལ་སོ་སོ་དང་ཞིང་ཆེན་རིམ་པའི་སྡེ་ཁག་སོ་སོ་དང་མཉམ་དུ། མུ་མཐུད་དུ་སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་བྱེད་པའི་ལས་གཞི་གདམ་གསེས་དང་གྲ་སྒྲིག འོས་སྦྱོར་སོགས་བྱ་བ་སྲ་སྒྱུར་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། མཚོ་སྔོན་ཞིང་ཆེན་གྱི་སྲོལ་རྒྱུན་གྱི་རྨང་གཞིའི་སྒྲིག་ཆས་ཁྱབ་ཁོངས་ཀྱི་སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་བྱེད་པའི་ལས་གཞི་བཀོལ་སྤྱོད་བྱེད་པའི་གོ་རིམ་གཏན་འབེབས་དང་ཚད་ལྡན་དུ་གཏོང་བ་། བྱེད་སྒོ་གསབ་སྦྱོང་དང་མཛུབ་སྟོན་རྒྱ་བསྐྱེད་དེ་ཁྱབ་ཁོངས་སྔར་ལས་ཆེ་བའི་ཁྲིད་སྟོན་དང་སྤྱི་ཚོགས་དངུལ་གཏོང་ནང་འདྲེན་བྱས་ནས། ནུས་ཡོད་སྒོས་སྔར་ལས་མང་པོའི་སྲིད་གཞུང་དང་སྤྱི་ཚོགས་ཀྱི་ལས་གཞི་དངོས་འབེབས་དང་གན་རྒྱ་འཇོག་པར་སྐུལ་འདེད་གཏོང་རྒྱུའི་ཚུལ་བསྟན།