ཟླ་བདུན་པའི་ཚེས་ལྔ་ཉིན་ནས་ཟླ་བརྒྱད་པའི་ཚེས་བཅུ་གསུམ་ཉིན་བར། རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩའི་ཉིས་སྟོང་བཅུ་དྲུག་ལོའི་སྒྱུ་རྩལ་འཇོན་མི་སྐྱེད་སྲིང་རིགས་ཀྱི་རོགས་སྐྱོར་ལས་གཞི་སྟེ་ཨ་མདོའི་བོད་ཀྱི་ཟློས་གར་གསོ་སྦྱོང་འཛིན་གྲྭ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་སྒྲུབ་བཞིན་ཡོད། བོད་ལྗོངས་དང་མཚོ་སྔོན་ཞིང་ཆེན་གྱི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། ཀན་སུའུ་ཞིང་ཆེན་གྱི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་ནས་ཡོང་བའི་བོད་ཀྱི་ཟློས་གར་བྱ་བ་སྒྲུབ་པའི་ཆེད་ལས་དང་ལས་ཞོར་གྱི་འཁྲབ་སྟོན་པ་བཞི་བཅུས་ཉིན་བཞི་བཅུའི་རིང་ལ་ཆེད་ལས་གསོ་སྦྱོང་དང་ལེན་བྱེད་རྒྱུ་རེད།
ཨ་མདོའི་བོད་ཀྱི་ཟློས་གར་འཛིན་གྲྭ་ནི་རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩས་ཉིས་སྟོང་བཅུ་དྲུག་ལོའི་སྒྱུ་རྩལ་འཇོན་མི་སྐྱེད་སྲིང་རིགས་ཀྱི་རོགས་སྐྱོར་ལས་གཞི་ཞིག་ཡིན་ལ། དེའི་དམིགས་ཡུལ་ནི་གསར་རྩོམ་ཁྱབ་གདལ་དུ་གཏོང་བ་དང་། སྒྱུ་རྩལ་གསར་རྩོམ་འཇོན་མི་སྐྱེད་སྲིང་བྱེད་པ། རྒྱལ་ཁབ་ཀྱི་སྒྱུ་རྩལ་ལས་དོན་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བ་བཅས་རེད། གསོ་སྦྱོང་འཛིན་གྲྭ་ནི་རྨ་ལྷོ་ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་གཙོ་སྒྲུབ་བྱས་པ་དང་། ཞིང་ཆེན་བོད་ཀྱི་ཟློས་གར་ཁང་གིས་འགན་སྒྲུབ་བྱས་པ་རེད། གསོ་སྦྱོང་འཛིན་གྲྭ་སྒྲུབ་སྐབས་ཨ་མདོའི་བོད་ཀྱི་ཟློས་གར་ཁྱབ་ཁོངས་སུ་མིང་གྲགས་ཆེ་བའི་འཁྲབ་སྟོན་སྒྱུ་རྩལ་པ་དང་ཆེད་མཁས་པ་རྒན་དར་གཞོན་གསུམ་གདན་དྲངས་ཏེ་སློབ་ཁྲིད་བྱེད་དུ་བཅུག་སྟེ། མཚོ་སྔོན་དང་བོད་ལྗོངས། ཀན་སུའུ་གསུམ་གྱི་ཆེད་ལས་དང་དམངས་ཁྲོད་བོད་ཀྱི་ཟློས་གར་སྒྱུ་རྩལ་ཚོགས་པར་ཁ་ཕྱོགས་ནས། ཕུལ་དུ་བྱུང་བའི་ཆེད་ལས་དང་དམངས་ཁྲོད་འཁྲབ་སྟོན་མི་སྣ་གཙོ་བོར་བཟུང་ཞིང་། ཨ་མདོའི་བོད་ཀྱི་ཟློས་གར་འཁྲབ་སྟོན་ནང་དོན་གཙོ་བོར་བཟུང་ནས་གཞུང་ལུགས་སློབ་ཁྲིད་བྱེད་རྒྱུ་ཡིན་ལ། སློབ་མ་རྣམས་རྩ་འཛུགས་བྱས་ཏེ་ཀན་སུའུ་དང་མཚོ་སྔོན་ས་གནས་གཉིས་ཀྱི་བོད་ཀྱི་ཟློས་གར་ལོ་རྒྱུས་ཀྱི་ཤུལ་བཞག་དང་ཟློས་གར་ཚོགས་པར་ལྟ་སྦྱོང་བྱེད་རྒྱུ་རེད། གསོ་སྦྱོང་མཇུག་རྫོགས་རྗེས། ཨ་མདོའི་བོད་ཀྱི་ཟློས་གར་ཆེད་དོན་ཡར་ཞུ་འཁྲབ་སྟོན་སྤེལ་ནས། སློབ་མའི་སློབ་སྦྱོང་གི་གནས་ཚུལ་ལ་ཞིབ་བཤེར་བྱེད་རྒྱུ་རེད།