མ་འོངས་པའི་ཉིན་གསུམ་རིང་མཚོ་སྔོན་དུ་བསྟུད་མར་ཚ་བ་ཆེ་རྒྱུ་རེད།
2017.07.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

རྒྱལ་ཡོངས་ཀྱི་ས་ཆ་སོ་སོའི་ཚ་བ་ཇེ་ཆེར་སོང་བ་དང་བསྟུན་ནས། དུས་རྒྱུན་ནམ་ཟླ་བསིལ་བའི་མཐོ་སྒང་ལ་ཡང་ཚ་བ་ཇེ་ཆེར་སོང་། ཟླ་བདུན་པའི་ཚེས་བཅུ་གཅིག་ཉིན་གྱི་དུས་ཚོད་བཅུ་དྲུག་དང་ཕྱེད་ཀའི་བར་དུ། ཟི་ལིང་གྲོང་ཁྱེར་གྱི་ཉིན་གཅིག་གི་ཆེས་མཐོ་བའི་དྲོད་ཚད་དྲོད་གྲངས་སུམ་ཅུ་ལྷག་ལ་སླེབས་པ་དང་། མཁར་ཤར་ས་ཁུལ་གྱི་ཆེས་མཐོའི་དྲོད་ཚད་དྲོད་གྲངས་སོ་གསུམ་ལྷག་ལ་སླེབས་པས། ཉིན་བདུན་གྱི་རིང་ཚ་བ་ཆེས་ཆེ་བའི་ཉིན་གཅིག་རེད།

ཚོད་དཔག་བྱས་ན་གཟའ་འཁོར་འདིའི་ནང་ཞིང་ཆེན་ཡོངས་ཀྱི་ས་ཁུལ་མང་ཆེ་བར་ཚ་བ་ཆེ་རྒྱུ་རེད། མཚོ་སྔོན་ཞིང་ཆེན་གནམ་གཤིས་རྟོག་དཔྱོད་ཁང་གི་རྒྱུ་ཆ་ལྟར་ན། ཟླ་བདུན་པའི་ཚེས་བཅུ་གཉིས་ཉིན་ནས་ཚེས་བཅོ་བརྒྱད་ཉིན་བར། མཚོ་སྔོན་གྱི་བྱང་ཕྱོགས་ས་ཁུལ་ལ་ཚ་བ་ཆེ་རྒྱུ་ཡིན་པ་དང་། ས་ཁུལ་ཁ་ཤས་ཀྱི་ཉིན་གཅིག་གི་ཆེས་མཐོ་བའི་དྲོད་ཚད་དྲོད་གྲངས་སུམ་ཅུ་ལ་འབུད་པའམ་ཡང་ན་དེ་ལས་བརྒལ་རྒྱུ་རེད། ཚ་འདམ་གཞོང་དང་རྨ་ཆུའི་འགྲམ་རྒྱུད་ས་ཁུལ་གྱི་ཉིན་གཅིག་གི་ཆེས་མཐོ་བའི་དྲོད་ཚད་དྲོད་གྲངས་སུམ་ཅུ་ནས་སོ་ལྔའི་བར་དུ་བསླེབ་རྒྱུ་རེད།

རྗེས་ཕྱོགས་ཀྱི་ཉིན་གསུམ་གྱི་རིང་། ཟི་ལིང་གི་དྲོད་ཚད་ཀྱང་དྲོད་གྲངས་སུམ་ཅུ་ལས་བརྒལ་རྒྱུ་རེད། ཟླ་བདུན་པའི་ཚེས་བཅུ་གཅིག་ཉིན་ནས་བཅུ་གསུམ་ཉིན་བར། ཟི་ལིང་གི་ཉིན་གཅིག་གི་ཆེས་མཐོ་བའི་དྲོད་ཚད་དྲོད་གྲངས་སོ་གཉིས་ཡས་མས་ལ་སླེབས་པ་དང་། ཚོད་དཔག་བྱས་ན་ཟླ་བདུན་པའི་ཚེས་བཅུ་བཞི་ནས་བཅོ་ལྔའི་བར། ཟི་ལིང་ལ་ཆར་ཟམ་ཟིམ་འབབ་རྒྱུ་ཡིན་མོད། ཡིན་ནའང་ཉིན་མོའི་ཆེས་མཐོ་བའི་དྲོད་ཚད་དྲོད་གྲངས་སུམ་ཅུ་ཡས་མས་རེད།

ནམ་ཟླའི་ཆེད་མཁས་པས་ཚ་བ་ཆེ་བའི་སྐབས་སུ་ཡུན་རིང་པོར་ཕྱི་རོལ་ནས་འགུལ་སྐྱོད་བྱེད་ན་ལུས་པོ་ཉི་འོད་ཀྱིས་འཚིག་པ་དང་ཚད་དུག་ཕོག་པ། ཆམ་ནད་ཕོག་པ་བཅས་ལ་གཟབ་དགོས་པ་དང་། དེས་མི་ཚད་ཚ་བ་ཆེ་ན་ལོ་ཏོག་ལ་ཤུགས་རྐྱེན་ངེས་ཅན་འབྱུང་སྲིད་པས། ས་ཁུལ་སོ་སོས་དེར་དོ་སྣང་བྱེད་དགོས་ཟེར།