ཉེ་ཆར། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་ནོར་སྲིད་ཐིན་བཅས་ཀྱིས2017ལོའི་མཚོ་སྔོན་ཞིང་ཆེན་གྱི་མཐོ་སློབ་མཐར་ཕྱིན་སློབ་མའི་རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག་གི་ཞབས་ཞུ་མི་སྣ་བསྡུ་བའི་སྤྱི་བསྒྲགས་ཁྱབ་བསྒྲགས་བྱས་པ་དང་། 2017ལོའི་མཚོ་སྔོན་ཞིང་ཆེན་གྱི་རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག་གི་ལས་མི་བསྡུ་བའི་འཆར་གཞིའི་བྱ་བ་མགོ་བརྩམས།
2017ལོར་མཚོ་སྔོན་ཞིང་ཆེན་ཡོངས་སུ་རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག་གི་ཞབས་ཞུ་མི་སྣ་བདུན་བརྒྱ་དྲུག་ཅུ་བསྡུ་འཆར་ཡོད་པ་དང་། གྲོང་ཁྱེར་གཉིས་དང་ཁུལ་དྲུག་གི་ཞང་གྲོང་གི་གཞི་རིམ་ལས་ཁུངས་སོ་སོར་བགོས་ནས་སློབ་གསོ་དང་སྨན་བཅོས། ཞིང་ལས། ཆུ་བེད། དབུལ་སྐྱོར་གསར་སྤེལ་དང་སྤྱི་ཐུན་ལས་ཞུགས། སྤྱི་ཚོགས་འགན་སྲུང་། འཛད་སྤྱོད་མཉམ་ལས། རིག་གནས་ལུས་རྩལ་སོགས་ཞབས་ཞུའི་ལས་ཞུགས་བྱེད་དུ་འཇུག་རྒྱུ་རེད། ལས་མི་བསྡུ་བའི་བྱ་བ་དེ་དྲིལ་བསྒྲགས་སྐུལ་སློང་དང་དྲ་ཐོག་ནས་མིང་ཐོ་འགོད་པ། ཐོབ་ཐང་ཞིབ་བཤེར། ཡིག་རྒྱུགས། ཁ་རྒྱུགས། ལུས་ཕུང་བརྟག་བཤེར། ཞིབ་བཤེར། ལས་གནས་སུ་མངགས་གཏོང་བྱེད་པའི་གོ་རིམ་ལྟར་བསྒྲུབ་རྒྱུ་ཡིན་པ་དང་། གསར་དུ་བསྡུས་པའི་ཞབས་ཞུ་མི་སྣ་ཚང་མ་ཕལ་ཆེར་ཟླ9པའི་ཚེས15ཉིན་གྱི་སྔོན་ལ་ལས་གནས་སུ་མངགས་རྒྱུ་རེད།
རྒྱལ་ཁབ་ཀྱི་གཅིག་གྱུར་བཀོད་སྒྲིག་ལྟར། མཚོ་སྔོན་ཞིང་ཆེན་གྱིས་2006ལོ་ནས་བཟུང་རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག་གི་འཆར་གཞི་ལག་བསྟར་བྱས་པ་རེད། རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག་གི་ཞབས་ཞུ་མི་སྣའི་ཞབས་ཞུ་བྱེད་ཡུན་ལོ་གཉིས་ཡིན་པ་དང་། ཞབས་ཞུ་དུས་ཡུན་ལོངས་རྗེས་ཞིབ་བཤེར་ཚད་ལྡན་ཡིན་ན་གཞུང་ཞབས་པའི་ལས་མི་བསྡུ་བའི་འཆར་གཞིའི་ཁྲོད་བརྒྱ་ཆའི་བཅོ་ལྔའི་གནས་གཏན་ལས་ཁུངས་ལ་རྒྱུགས་སྤྲོད་ཆོག་པ་དང་། ལས་དོན་སྡེ་ཁག་ལ་རྒྱུགས་སྤྲད་ན་སྐར་མ་ལྔ་སྣོན་པ་དང་། ཞིབ་འཇུག་སློབ་མར་རྒྱུགས་སྤྲད་ན་སྐར་མ་བཅུ་སྣོན་པ། ལས་ཞུགས་ལས་སྐྲུན་གྱི་རོགས་སྐྱོར་སོགས་ལས་ཞུགས་ཀྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་ཆོག་པ་རེད། འཆར་གཞི་ལག་བསྟར་བྱས་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཡོངས་སུ་བསྡོམས་པས་མི་སྟོང་གསུམ་དང་དྲུག་བརྒྱ་དྲུག་ཅུ་བསྡུས་པ་དང་། ལས་གནས་ནས་བུད་པ་སྟོང་གཉིས་དང་བདུན་བརྒྱ་གྱ་བཞི་ཡོད་པས། བརྒྱ་ཆའི་དགུ་ཅུར་ཉེ་བའི་ཞབས་ཞུ་མི་སྣས་གཞུང་ཞབས་པ་དང་ལས་དོན་སྡེ་ཁག ཁེ་ལས། རང་བརྟེན་ལས་སྐྲུན། རང་ལས་རང་འཚོལ་སོགས་ནས་ལས་ཞུགས་མངོན་འགྱུར་བྱས། དེའི་ནང་བརྒྱ་ཆའི་ལྔ་ཅུ་ཡན་གྱིས་གཞི་རིམ་གྱི་ཞང་གྲོང་དང་ཆུང་འབྲིང་ཁེ་ལས་སུ་ལས་ཞུགས་བྱེད་ཀྱིན་ཡོད་པས། རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག་གི་འཆར་གཞི་དེ་མཐོ་སློབ་མཐར་ཕྱིན་སློབ་མ་གཞི་རིམ་ལ་སོང་ནས་བྱ་བ་བསྒྲུབ་པའི་ཁྲིད་སྟོན་དང་རང་གི་རིན་ཐང་མངོན་འགྱུར་བྱེད་པའི་ཐབས་ལམ་གཙོ་བོར་འགྱུར་བཞིན་པའི་སྒང་རེད།