ཉིས་སྟོང་བཅུ་བདུན་ལོའི་ལོ་མཇུག་ཏུ་ཐོན་པ་ན་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྨན་རིན་འཕར་ཚད་བརྒྱ་ཆའི་བཅུའི་ནང་ཚོད་འཛིན་བྱེད་རྒྱུ་རེད།
2017.07.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 9

 སྔར་ལས་ལྷག་པའི་སྒོ་ནས་གཞུང་བཙུགས་སྨན་ཁང་གི་ཕྱོགས་བསྡུས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་གཞུང་བཙུགས་སྨན་ཁང་གི་སྨན་རིན་ལུགས་མཐུན་མིན་པར་ཇེ་མཐོར་འགྲོ་བ་ནུས་ཡོད་སྒོས་ཚོད་འཛིན་བྱེད་པ། དོན་དངོས་དང་མཐུན་པའི་སྒོ་ནས་མང་ཚོགས་གྱི་སྨན་རིན་ཁུར་བོ་ཇེ་ཡང་དུ་གཏོང་ཆེད། ཉེ་ལམ། མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་ཞིང་ཆེན་གྱི་སྨན་རིན་ལུགས་མཐུན་མིན་པར་འཕར་བར་ཚོད་འཛིན་བྱེད་པའི་ལག་བསྟར་ཇུས་གཞི་གཏན་ཁེལ་བྱས་ཏེ་ཕྱིར་བཏོན་པ་དང་། ཉིས་སྟོང་བཅུ་བདུན་ལོའི་ལོ་མཇུག་བར། ཞིང་ཆེན་ཡོངས་ཀྱི་སྨན་རིན་འཕར་ཚད་བརྒྱ་ཆའི་བཅུའི་ནང་ཚོད་འཛིན་བྱེད་རྒྱུ་རེད།

ཇུས་གཞིས་གྲོང་ཁྱེར་དང་ཁུལ་བརྒྱད་དང་ཞིང་ཆེན་རིམ་པའི་གཞུང་བཙུགས་སྨན་ཁང་བཅུ་བཞི་རིགས་བགར་ཏེ་སྨན་རིན་ཚོད་འཛིན་བྱེད་པའི་དམིགས་འབེན་དང་ཞིབ་བཤེར་ཚད་ལེན་བྱེད་དགོས་པའི་ཚད་གཞི་གཙོ་བོ་ཉི་ཤུ་དུས་བཅད་ལྟར་ཁྱབ་བསྒྲགས་བྱེད་རྒྱུ་གཏན་ཁེལ་བྱས་ཡོད་པ་དང་། སྨན་རིན་ལུགས་མཐུན་མིན་པར་འཕར་བར་ཧུར་ཐག་གིས་ཚོད་འཛིན་བྱེད་པ་དང་སྨན་རིན་འགྲོ་སོང་ཁྲོད་སྨན་བཅོས་འགན་སྲུང་ལ་ཞུགས་པའི་མིས་རང་གིས་སྟེར་དགོས་པའི་སྨན་རིན་གྱི་བསྡུར་ཚད་ཇེ་དམར་གཏོང་བ་བརྩོན་ལེན་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་སྡོད་དམངས་ཀྱི་སྨན་པར་སྟོན་པའི་ཁུར་བོ་ཇེ་ཡང་དུ་བཏང་ཡོད།

ཇུས་གཞིས་སྨན་རིན་འཕར་བར་ཚོད་འཛིན་བྱེད་པའི་བྱེད་ཐབས་དགུ་ཇེ་དྲག་ཏུ་བཏང་ཡོད་དེ། གཙོ་བོར་སྨན་བཅོས་མི་སྣས་སྨན་བཅོས་བྱེད་ཐབས་ཚད་ལྡན་དུ་གཏོང་བ་དང་སྨན་བཅོས་སྡེ་ཁག་ནང་ཁུལ་གྱི་ལམ་ལུགས་ཇེ་དྲག་ཏུ་གཏོང་བ། གཞུང་བཙུགས་སྨན་ཁང་གི་གཞི་ཁྱོན་ལ་ཚོད་འཛིན་ནན་མོ་བྱེད་པ། སྨན་བཅོས་འགན་སྲུང་གི་སྨན་རིན་རྩིས་སྤྲོད་བྱེད་ཐབས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། ནད་ཐོག་སྨན་བཅོས་ཀྱི་བྱེད་ཐབས་དོ་དམ་ལ་ཤུགས་སྣོན་པ། གཞུང་བཙུགས་སྨན་ཁང་གི་ཁ་གསབ་ནང་རྐྱེན་འཐུས་ཚང་དུ་གཏོང་བ། རིམ་པ་བགོས་ཏེ་སྨན་བཅོས་བྱེད་པའི་མ་ལག་འཛུགས་པ། དམངས་ཡོངས་ཀྱི་བདེ་ཐང་ལ་སྐུལ་འདེད་གཏོང་བ་དང་བདེ་ཐང་དོ་དམ་བྱེད་ཐབས་ལག་བསྟར་བྱེད་པ་བཅས་ཡིན།

ཇུས་གཞིའི་ནང་སྨན་རིན་ལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་ཆ་འཕྲིན་ཅན་གྱི་བྱེད་ཐབས་སྤྱད་དེ་གཙོ་བོར་ཁུལ་ཁོངས་དང་སྡེ་ཁག་གི་སྨན་རིན་འཕར་བའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་པ། ལོ་རེར་དུས་བཅད་ལྟར་ས་ཁུལ་སོ་སོ་དང་སྨན་བཅོས་སྡེ་ཁག་སོ་སོའི་སྨན་རིན་ཚོད་འཛིན་དམིགས་ཚད་ཀྱི་མཇུག་འབྲས་ཁྱབ་བསྒྲག་བྱེད་པ། དཔྱད་ཞིབ་བྱེད་ཐབས་ལག་བསྟར་ནན་མོ་བྱེད་པ་དང་ས་ཆ་སོ་སོས་རང་ས་ཁུལ་གྱི་སྨན་རིན་ཚོད་འཛིན་དམིགས་ཚད་དང་དཔྱད་ཞིབ་བྱེད་ཐབས་གཏན་ཁེལ་གསལ་བོ་བྱས་ཏེ་དཔྱད་ཞིབ་མཇུག་འབྲས་དང་ནོར་སྲིད་ཁ་གསབ་མ་དངུལ་སོགས་འབྲེལ་མཐུད་བྱེད་དགོས། གཞུང་བཙུགས་སྨན་ཁང་གིས་ལུགས་མཐུན་གྱི་སྨན་བཅོས་བྱེད་ཐབས་དེ་སྨན་བཅོས་མི་སྣར་དཔྱད་ཞིབ་གདེང་འཇོག་བྱེད་པའི་ནང་དོན་གཙོ་བོར་བརྩི་དགོས་པ་བཅས་གཏན་ཁེལ་གསལ་བོ་བྱས་ཡོད།

ཇུས་གཞིའི་ནང་ས་ཆ་སོ་སོས་གཅིག་གྱུར་མཐུན་སྦྱོར་ལ་ཤུགས་བསྣན་ནས་སྨན་རིན་ཚོད་འཛིན་དང་སྨན་རིན་ཚོད་འཛིན་བྱ་བའི་ལས་འགན་ལ་ཞིབ་ཕྲའི་དབྱེ་ཞིབ་བྱེད་དགོས། ཕྱོགས་བསྡུས་བཅོས་སྒྱུར་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་ནས་སྨན་རིན་ལུགས་མཐུན་མིན་པར་འཕར་བར་ཚོད་འཛིན་བྱེད་པའི་ཡུན་ཕན་ནང་རྐྱེན་གྲུབ་པར་བྱེད་དགོས། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣན་ནས་བྱེད་ཐབས་ལུགས་མཐུན་མིན་པ་དང་སྨན་རིན་ཚོད་འཛིན་བྱེད་པའི་དམིགས་འབེན་ཡོངས་འགྲུབ་བྱེད་ཐུབ་མེད་པའི་སྡེ་ཁག་ལ་དེ་བསྟུན་གྱི་འགན་འཁྲི་རྩད་གཅོད་དང་སྐྱོན་བརྗོད་བྱེད་དགོས་པའི་རེ་བ་བཏོན་ཡོད།