མཚོ་སྔོན་ཞིང་ཆེན་གྱིས་བོད་ལུག་དང་ནོར་ནག་གི་ཉེན་ཚབས་ཁྱབ་ཁོངས་རྒྱ་བསྐྱེད།
2017.07.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

གསར་འགོད་པས་མཚོ་སྔོན་ཞིང་ཆེན་འགན་བཅོལ་ལྟ་སྐུལ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་བོད་ལུག་དང་ནོར་ནག་གི་ཉེན་ཚབས་དེ་སྔོན་གྱི་རྫོང་དྲུག་གི་རྨང་གཞིའི་སྟེང་། ཡུས་ཧྲུའུ་གྲོང་ཁྱེར་དང་ཆུ་དམར་ལེབ་རྫོང་། རྐང་ཚ་རྫོང་བཅས་གསར་སྣོན་བྱས་པས། ཞིང་ཆེན་ཡོངས་ཀྱི་ཁུལ་ལྔ་དང་རྫོང་དགུ་ཡི་འཆར་གཞིའི་འགན་ལེན་ཁ་གྲངས་ས་ཡ་བཞི་དང་འབུམ་བདུན་ལྷག་ལ་སླེབས། དེ་དང་མཉམ་དུ། ཉེན་ཚབས་འགན་ཁུར་ཁྱབ་ཁོངས་སྔར་ལས་ལྷག་པའི་སྒོ་ནས་རྒྱ་བསྐྱེད།

སྔར་ལས་ལྷག་པའི་སྒོ་ནས་བོད་ཁུལ་འབྲོག་དམངས་ཀྱི་རང་བྱུང་གནོད་འཚེ་ལ་བཀག་འགོག་བྱེད་པའི་ནུས་པ་དང་ཕྱུགས་ལས་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་མཐོར་འདེགས་སུ་གཏོང་བ་དང་། ནུས་ཡོད་སྒོས་གནོད་འཚེ་ལས་བསྐྱེད་པའི་ཉེན་ཁ་སེལ་བ་དང་སྔོན་འགོག་བྱེད་ཆེད། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཉེན་ཚབས་ལྟ་སྐུལ་ཅུའུ་ཡིས་ཞིང་ཆེན་ཞིང་ཕྱུགས་ཐིན་དང་ཞིང་ཆེན་ནོར་སྲིད་ཐིན་དང་མཉམ་འབྲེལ་སྒོས2017ལོའི་མཚོ་སྔོན་བོད་ཁུལ་གྱི་བོད་ལུག་དང་ནོར་ནག་ཉེན་ཚབས་ལག་བསྟར་ཇུས་གཞི་དཔར་ནས་བཀྲམ། ཇུས་གཞི་དེས་སྔོན་དང་བསྡུར་ན་ཉེན་ཚབས་ཁྱབ་ཁོངས་རྒྱ་བསྐྱེད་ཡོད་པ་ལས་གཞན། ཉེན་ཚབས་འགན་ཁུར་ཁྱབ་ཁོངས་སྔར་ལས་རྒྱ་བསྐྱེད་ཡོད་པ་དང་། སྔོན་དཔག་བྱས་པ་ལྟར་ན་ཉེན་ཚབས་ཁྱབ་ཁོངས་རྒྱ་བསྐྱེད་རྗེས་ཁག་ཐེག་གྲོན་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་དགུ་ས་ཡ་བདུན་དང་། གསར་སྣོན་བྱས་པའི་ཁག་ཐེག་གྲོན་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བཞི་ཡིན་པས་འཕར་ཚད་བརྒྱ་ཆའི་ལྔ་བཅུར་ཉེ་བ་རེད།

ངོ་སྤྲོད་བྱས་པ་ལྟར་ན། 2011ལོར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་ཚོད་ལྟ་བྱེད་ས་རུ་བྱས་པ་ནས་བཟུང་། ཚོད་ལྟ་བྱེད་ས་གཅིག་དང་སྤྱི་སྡོམ་གཅིག སྐུལ་འདེད་གཅིག་གི་རྩ་དོན་ལྟར། མཚོ་སྔོན་ཞིང་ཆེན་གྱིས་རིམ་བཞིན2013ལོའི་ཧི་ནན་དང་རྩེ་ཁོག་རྫོང་གཉིས་ལ་རྒྱ་བསྐྱེད། 2016ལོར། འབྲི་སྟོད་དང་ཁྲི་འདུ། ཏུའུ་ལན། དགའ་བདེ། དར་ལག་སོགས་རྫོང་དྲུག་གསར་སྣོན་བྱས་ཤིང་། ལོ་ཧྲིལ་བོར་བསྡོམས་པས་གསབ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཅིག་ས་ཡ་བཞི་བྱིན་པས་འབྲོག་དམངས་ཁྱིམ་ཚང་ཁྲི་བརྒྱད་དང་སྟོང་དྲུག་ལ་ཕན་ཁེ་ཐོབ།