ཉེ་ལམ། གསར་འགོད་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁ་གཏད་རོགས་སྐྱོར་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་བཅུ་བདུན་ལོར། མཚོ་ལྷོ་ཁུལ་གྱིས་ཁ་གཏད་རོགས་སྐྱོར་བྱ་བའི་གནད་ཕིགས་བྱེད་ཐབས་ལག་བསྟར་དང་གནད་དོན་འབུར་དུ་ཐོན་པར་བྱས་ཏེ་ལས་གཞིའི་འཛུགས་སྐྲུན་དང་མ་དངུལ་གྱི་རྒྱབ་སྐྱོར། ཤེས་ལྡན་མི་སྣའི་རོགས་སྐྱོར་སོགས་བྱ་བ་བདེ་བླག་ངང་སྤེལ་བར་འགན་སྲུང་བྱས་ཏེ་ཅང་སུའུ་ཡི་ཁ་གཏད་རོགས་སྐྱོར་ལས་གཞིའི་འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་དགུ་ས་ཡ་ལྔ་འབུམ་གསུམ་ཁྲི་བདུན་བཀོད་སྒྲིག་བྱས་པ་དང་ལས་གཞི་ང་དགུའི་འཛུགས་སྐྲུན་ལག་བསྟར་བྱས།
དེའི་ཁྲོད། རོང་འབྲོག་མང་ཚོགས་ཀྱི་ཐོད་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་པའི་ལས་གཞི་ཉེར་གཅིག་དང་འཛུགས་སྐྲུན་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གསུམ་ས་ཡ་ལྔ་འབུམ་དྲུག་ཁྲི་བདུན་བཀོད་སྒྲིག་བྱས་ཡོད་པ་དང་དེ་གནས་སྤོར་སྡོད་དམངས་ཀྱི་སྡོད་གནས་བཀོད་སྒྲིག་དང་འབྲོག་པ་མང་ཚོགས་ཀྱི་གཏན་སྡོད་བཟོ་སྐྲུན། སྒྲིག་ཆས་འཛུགས་སྐྲུན། གྲོང་སྡེའི་ཁོར་ཡུག་དག་ཐེར་བཅོས་སྐྱོང་། མི་ཕྱུགས་ཀྱི་འཐུང་ཆུའི་བདེ་འཇགས། ཞིང་སའི་ཆུ་བེད་དང་སྒྲིག་ཆས། ཞང་གྲོང་གི་འགྲིམ་འགྲུལ་འཛུགས་སྐྲུན་བྱེད་པ་སོགས་ཀྱི་ཁྱབ་ཁོངས་དང་འབྲེལ་ཡོད། རྨང་གཞིའི་སྤྱི་བའི་ཞབས་ཞུའི་ནུས་པ་མཐོར་འདེགས་གཏོང་བའི་རིགས་ཀྱི་ལས་གཞི་བཅུ་གསུམ་བཀོད་སྒྲིག་བྱས་ཡོད་པ་དང་འཛུགས་སྐྲུན་རོགས་སྐྱོར་མ་དངུལ་སྒོར་བྱེ་བ་ལྔ་དང་ས་ཡ་བདུན་འབུམ་བརྒྱད་ཁྲི་གཉིས་བཀོད་སྒྲིག་བྱས་ཡོད་པ་དང་དེ་སློབ་གསོ་དང་ཤེས་ལྡན་མི་སྣ་ནང་འདྲེན། ལས་ཞུགས་གསོ་སྦྱོང་། སྨན་བཅོས་འཕྲོད་བསྟེན། གྲོང་ཁྱེར་དོ་དམ་ལས་དོན་གྱི་འགྲིམ་འགྲུལ་སྒྲིག་ཆས་འཛུགས་སྐྲུན་སོགས་ཕྱོགས་དང་འབྲེལ་ཡོད། སྐྱེ་ཁམས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་རིགས་ཀྱི་ལས་གཞི་ལྔ་དང་འཛུགས་སྐྲུན་མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་གཉིས་བཀོད་སྒྲིག་བྱས་ཡོད་པ་དང་དེ་ཀོས་ནན་དང་ཐུན་ཏེ། ཞིན་ཧེ་བཅས་རྫོང་གསུམ་གྱི་བྱེ་བཅོས་དང་ས་གཤིས་གནོད་འཚེ་བཅོས་སྐྱོང་བྱེད་པ། ཁོར་ཡུག་དག་ཐེར་བཅོས་སྐྱོང་བྱེད་པ་སོགས་ཀྱི་ཁྱབ་ཁོངས་དང་འབྲེལ་ཡོད།
དེ་ལས་གཞན། སྤྱི་བདེ་མེ་གསོད་དང་སྡེ་བ་རིམ་པའི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་དང་གློག་རྡུལ་བརྙན་མིག་འཛུགས་པ་སོགས་ལ་དམིགས་ཏེ་གཞི་རིམ་རྩ་འཛུགས་དང་སྲིད་དབང་འཛུགས་སྐྲུན་རིགས་ཀྱི་ལས་གཞི་གསུམ་དང་འཛུགས་སྐྲུན་རོགས་སྐྱོར་མ་དངུལ་སྒོར་ས་ཡ་བདུན་བཀོད་སྒྲིག་བྱས་ཡོད། ཐོན་ལས་ཁུལ་གྱི་སྒྲིག་ཆས་དང་ཐོན་རྫས་སྤྱི་བའི་ལྟ་ཞིབ་ཚད་ལེན་བྱེད་པའི་སྟེགས་བུ་འཛུགས་སྐྲུན་བྱེད་པ། ཐོན་ལས་འཕེལ་རྒྱས་རོགས་སྐྱོར་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ཏེ་ཐོན་ལས་འཕེལ་རྒྱས་རོགས་སྐྱོར་རིགས་ཀྱི་ལས་གཞི་བཅུ་བཞི་དང་མ་དངུལ་སྒོར་བྱེ་བ་ལྔ་དང་ས་ཡ་གསུམ་འབུམ་བརྒྱད་ཁྲི་བརྒྱད་བཀོད་སྒྲིག་བྱས་ཡོད། ཤེས་ལྡན་མི་སྣ་ནང་འདྲེན་དང་རིག་སྟོབས་གསོ་སྦྱོང་སོགས་ལ་དམིགས་ནས་བརྗེ་རེས་དང་འབྲེལ་འདྲིས། མཉམ་བསྲེས་རིགས་ཀྱི་ལས་གཞི་གསུམ་དང་རོགས་སྐྱོར་མ་དངུལ་སྒོར་ས་ཡ་དགུ་བཀོད་སྒྲིག་བྱས་ཡོད།