ཟླ7པའི་ཚེས17ཉིན། གསར་འགོད་པས་མཚོ་ལྷོ་ཁུལ་མཁར་གྲོང་སྡོད་དམངས་སྨན་བཅོས་ཉེན་ཚབས་དོ་དམ་ཅུའུ་ནས་རྒྱུན་ལོན་པ་ལྟར་ན། ས་གནས་སྨན་བཅོས་དོ་དམ་སྡེ་ཁག་གིས་ཁུལ་ཁོངས་ཀྱི་སྨན་བཙོང་ས་དང་སྒེར་གཉེར་སྨན་ཁང་སོགས་སྡེ་ཁག་ལ་སྨན་བཅོས་འགན་ལེན་ཐེབས་རྩ་ལུགས་དང་མི་མཐུན་པར་ཤོར་བ་ཇེ་ཉུང་དང་གཏན་འགོག་བྱས་ནས། ཐེབས་རྩའི་བདེ་འཇགས་དང་ཚད་ལྡན། བརྟན་འཇགས་འཁོར་རྒྱུགསསོགས་ཕྱོགས་ལ་འགན་སྲུང་བྱེད་པ་དང་། ངེས་གཏན་ས་ཆ་གཉིས་ལ་ཆེད་དོན་ཡུལ་དངོས་ཞིབ་བཤེར་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་རིམ་པ་སོ་སོའི་ངེས་གཏན་སྨན་བཅོས་ལས་ཁུངས་ཀྱི་སྨན་བཅོས་འགན་སྲུང་ཞབས་ཞུའི་བྱ་སྤྱོད་ཚད་ལྡན་དུ་བཏང་།
ཐེངས་འདིའི་བྱ་འགུལ་ཁྲོད། ཞིབ་བཤེར་མི་སྣས་ནན་ཏན་གྱིས་གནད་དོན་ཞིབ་བཤེར་དང་གནད་དོན་འཚོལ་བ། གནད་དོན་ཐག་གཅོད་བྱེད་པའི་རྩ་དོན་ལྟར། སྔོན་ལ་བརྡ་མི་གཏོང་བར་ཡུལ་དངོས་ནས་ངེས་གཏན་སྨན་བཅོས་ལས་ཁུངས་སོ་སོ་དང་ངེས་གཏན་སྨན་བཙོང་ས། རྫོང་རིམ་པའི་སྨན་བཅོས་འགན་ལེན་དོ་དམ་ལས་ཁུངས་ལ་ཞིབ་བཤེར་བྱེད་པ་སོགས་བྱེད་ཐབས་བརྒྱུད་ནས། གནད་དོན་ལ་མི་གཡོལ་བ་དང་ངོ་སོ་མི་བསམ་པར་ཁྲིམས་འགལ་ལུགས་འགལ་ཚབས་ཆེན་ཡིན་པའི་སྨན་བཙོང་སར་ཡུལ་དངོས་ནས་སྨན་བཅོས་འགན་ལེན་བྱང་བུ་བཀོལ་མཚམས་འཇོག་ཏུ་བཅུག བསྡོམས་པས་ངེས་གཏན་སྨན་བཅོས་ལས་ཁུངས་ཉི་ཤུ་ལ་ཞིབ་བཤེར་བྱས་པ་དང་། དེའི་ནང་ངེས་གཏན་སྨན་ཁང་བཅུ་གསུམ་དང་ངེས་གཏན་སྨན་བཙོང་ས་བདུན་འདུ།
རྒྱུན་ལོན་པ་ལྟར་ན། ཐེངས་འདིའི་ཞིབ་བཤེར་བརྒྱུད་ནས་སྒྲིག་འགལ་གྱི་ངེས་གཏན་སྨན་བཙོང་ས་བདུན་དང་ནད་བརྟག་ཁང་གཅིག་ལ་ཐག་གཅོད་བྱས། ཐུན་ཏེ་རྫོང་ཚན་མང་ཀྲུང་ཕྱི་ལུགས་ནད་བརྟག་ཁང་གིས་སྨན་བཅོས་འགན་ལེན་བྱང་བུ་བཀོལ་བའི་གོ་རིམ་ཁྲོད་མཁར་གྲོང་སྨན་བཅོས་འགན་ལེན་གྱི་སྒོ་བསྟེན་གཅིག་གྱུར་བྱང་བུ་བཀོལ་བའི་སྒོར་གྲངས་ཚད་ལས་བརྒལ་བ་དང་བྱང་བུ་བཀོལ་བའི་མི་གྲངས་ཚད་ལས་བརྒལ་བ། སྨན་བཅོས་འགན་ལེན་བྱང་བུ་མ་ལག་རང་དགར་གྱིས་ངེས་གཏན་སྨན་ཁང་མིན་པའི་ཐུན་ཏེ་རྫོང་དམངས་ཕན་སྨན་རྫས་ཚོར་རར་སྤར་ཏེ། སྨན་ཁང་གཉིས་ཀྱིས་མ་ལག་གཅིག་བཀོལ་སྤྱོད་བྱས་ཤིང་མང་ཚོགས་ཀྱིས་བྱང་བུ་བཀོལ་ནས་སྨན་ལེན་པའི་སྒྲིག་འགལ་བྱ་སྤྱོད་ཚབས་ཆེན་བཟོས་པས། ཟླ་གཉིས་ཀྱི་རིང་ལ་སྨན་བཅོས་འགན་ལེན་བྱང་བུ་བཀོལ་མི་ཆོག་པ་དང་། སྒྲིག་འགལ་གྱིས་བྱང་བུ་བཀོལ་ནས་སྨན་བླངས་པའི་སྒོར་ཁྲི་ལྔ་འཐེན་པ་མ་ཟད། སྒྲིག་འགལ་ཟིན་ཐོ་བཀོད། ཐུན་ཏེ་རྫོང་དམངས་ཕན་སྨན་རྫས་ཚོང་རར་དུས་ནམ་ཡང་སྨན་བཅོས་འགན་ལེན་ངེས་གཏན་ཐོབ་ཐང་ཡར་ཞུ་བྱེད་མི་ཆོག་པར་བྱས། ཐུན་ཏེ་རྫོང་དམངས་ཕན་སྨན་རྫས་ཚོང་ར་དང་ཀོས་ནན་རྫོང་ཧྥུའུ་ཁང་སྨན་རྫས་ཚོང་ཁང་ཆེན་མོ་གཉིས་སུ་སྐག་རྫས་དང་སོ་སྨན་སོགས་སྨན་རྫས་ལས་གཉེར་ཆོག་མཆན་དཔང་ཡིག་ལས་གཏན་འཁེལ་བྱས་པའི་འབྲེལ་མེད་དངོས་རྫས་བཙོང་ནས་སྒྲིག་འགལ་གྱིས་བྱང་བུ་བཀོལ་བའི་བྱ་སྤྱོད་བཟོས་པས། གོང་གི་སྨན་རྫས་ཚོང་ཁང་གཉིས་ལ་དུས་ཐོག་ཏུ་འབྲེལ་མེད་ཚོང་རྫས་མེད་པར་གཏོང་བ་དང་། རྫོང་རིམ་པའི་གཉེར་སྒྲུབ་ལས་ཁུངས་ཀྱིས་ལྟ་སྐུལ་ཞིབ་བཤེར་བྱས་ཏེ་དུས་ལྟར་བཅོས་སྒྱུར་མ་བྱས་ཚེ་སྨན་བཅོས་འགན་ལེན་ངེས་གཏན་ཆོག་མཆན་མེད་པར་གཏོང་རྒྱུ་རེད།
མཚོ་ལྷོ་ཁུལ་མཁར་གྲོང་སྡོད་དམངས་སྨན་བཅོས་ཉེན་ཚབས་དོ་དམ་ཅུའུ་ཡིས་གོང་རིམ་སྡེ་ཁག་གི་འབྲེལ་ཡོད་བརྡ་སྦྱོར་དགོངས་དོན་ལ་གཞིགས་ནས། ཁུལ་ཁོངས་ནང་གི་ངེས་གཏན་སྨན་བཅོས་ལས་ཁུངས་ཚང་མར་ཁྱོན་ཡོངས་ནས་ཞིབ་བཤེར་ཆེན་པོ་བྱས་ཏེ་གནད་དོན་ཡོད་པ་ཚང་མར་གཟབ་ནན་གྱིས་ཐག་གཅོད་བྱས་པ་དང་། ཁྲིམས་འགལ་ལུགས་འགལ་གྱི་བྱ་སྤྱོད་འབྱུང་བ་དང་ཐེབས་རྩ་ལུགས་དང་མི་མཐུན་པར་ཤོར་བ་ཇེ་ཉུང་དུ་གཏོང་བ་དང་གཏན་འགོག་བྱས།