ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་ལ་མཆིན་ཚད་ཁ་པའི་འགོག་ཁབ་ཁྲི་བདུན་དང་སྟོང་ལྔའི་རོགས་སྐྱོར་ཐོབ།
2017.07.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 2

ཟླ་བདུན་པའི་ཚེས་ཉི་ཤུ་ཉིན། ཧྲིན་ཀྲིན་ཁང་ཐེ་སྐྱེ་དངོས་ཐོན་རྫས་མ་རྐང་ཚད་ཡོད་ཀུང་ཟིས་མཚོ་སྔོན་ཞིང་ཆེན་གྱི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་ལ་མཆིན་ཚད་ཁ་པའི་འགོག་ཁབ་སྟེར་བ་དང་འཁྱག་ཉར་རླངས་འཁོར་སྟེར་བའི་མཛད་སྒོ་རྫ་སྟོད་རྫོང་དབྱར་རྩྭ་དགུན་འབུ་ཐང་ཆེན་དུ་བསྡུས་པ་དང་རྫ་སྟོད་རྫོང་གི་རིམ་པ་སོ་སོའི་འཐུས་ཚབ་པ་སྟོང་གཅིག་དང་སུམ་བརྒྱ་ལྷག་རོགས་སྐྱོར་དངོས་པོ་སྟེར་བའི་མཛད་སྒོར་ཞུགས།

རྫ་སྟོད་རྫོང་ནི་རྒྱལ་ཁབ་རིམ་པའི་དབུལ་ཕོངས་རྫོང་ཡིན་པ་དང་། ས་ཁམས་ཁོར་ཡུག་དང་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་སོགས་ཕྱོགས་མང་པོའི་ཤུགས་རྐྱེན་ཐེབས་པར་བརྟེན་རྫ་སྟོད་རྫོང་གི་མཆིན་ཚད་ཁ་པ་འགོས་ཚད་དང་འབྱུང་ཚད་ཅུང་མཐོ། ནད་ཀྱི་དབང་གིས་དབུལ་བོར་འགྱུར་བ་དང་ནད་ཀྱི་དབང་གིས་ཡང་བསྐྱར་དབུལ་བོར་འགྱུར་བའི་གནད་དོན་དེ་དུས་ཡུན་རིང་བོར་ཐག་གཅོད་བྱེད་དཀའ་བའི་གནད་དོན་ཞིག་ཏུ་གྱུར་ཡོད། ཐེངས་འདིར་ཁང་ཐེ་སྐྱེ་དངོས་ཐོན་རྫས་མ་རྐང་ཚད་ཡོད་ཀུང་ཟིས་འདོན་སྤྲོད་བྱས་པའི་མཆིན་ཚད་ཁ་པའི་འགོག་ཁབ་དང་འཁྱར་ཉར་རླངས་འཁོར་གྱི་རིན་ཐང་སྒོར་ས་ཡ་གཉིས་དང་འབུམ་བདུན་ཡིན་པ་དང་། རྫ་སྟོད་རྫོང་གི་ལོ་གསུམ་ནས་ལོ་བཅོ་ལྔའི་བར་གྱི་བྱིས་པ་དང་ལོ་བཅུ་དྲུག་ནས་ལོ་ཞེ་ལྔའི་བར་གྱི་དར་མ་རྣམས་ལ་འགོག་ཁབ་ཁྲི་བདུན་དང་སྟོང་ལྔ་བཀོད་སྒྲིག་བྱས་ཏེ་རྫ་སྟོང་རྫོང་གིས་མཆིན་ཚད་ཁ་པ་གང་སར་ཁྱབ་པར་ཚོད་འཛིན་བྱེད་པ་དང་མཆིན་ཚད་ཁ་པའི་འགོག་ཁབ་ཁྱོན་ཡོངས་ལ་ཁེབས་པ་མངོན་འགྱུར་བྱེད་པར་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་ནུས་པ་ཐོན་ཡོད། དེ་ལས་གཞན། ཁང་ཐེ་སྐྱེ་དངོས་ཐོན་རྫས་མ་རྐང་ཚད་ཡོད་ཀུང་ཟིས་ཆེད་དུ་འགོག་ཁབ་འཁྱག་ཉར་རླངས་འཁོར་བྱིན་ཏེ་རྫ་སྟོད་རྫོང་གིས་སྔར་ལས་ལྷག་པའི་སྒོ་ནས་འགོག་ཁབ་འཁྱག་ཉར་སྐྱེལ་འདྲེན་མ་ལག་འཛུགས་སྐྲུན་བྱེད་པར་རོགས་སྐྱོར་བྱས་པ་དང་འགོག་ཁབ་ཀྱི་བདེ་འཇགས་སྐྱེལ་འདྲེན་དང་གསོག་ཉར་ལ་འགན་སྲུང་བྱས།