མཚོ་སྔོན་དུ་ཚ་བ་ཆེ་བའི་ནམ་ཟླ་མཇུག་རྫོགས་ནས་ཆར་འབབ་རྒྱུ་རེད།
2017.07.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

མཚོ་སྔོན་ཞིང་ཆེན་གནམ་གཤིས་རྟོག་དཔྱོད་ཁང་གིས་བསྒྲགས་པའི་ནམ་ཟླའི་རྒྱུ་ཆ་གསར་བ་ལྟར་ན། ཟླ་བདུན་པའི་ཚེས་ཉེར་གཉིས་ཉིན་མཚོ་སྔོན་དུ་ཚ་བ་ཆེ་བའི་ནམ་ཟླ་དེ་མཇུག་རྫོགས་རྒྱུ་ཡིན་པ་དང་། ཚེས་ཉེར་གཉིས་ཉིན་ནས་བཟུང་ཞིང་ཆེན་ཡོངས་སུ་གཞི་ཁྱོན་ཆེན་པོར་ཆར་འབབ་རྒྱུ་རེད། ཚེས་ཉེར་གསུམ་ཉིན་དང་ཚེས་ཉེར་བཞི་ཉིན་གཉིས་ལ་མདོ་ལ་རྫོང་དང་ཐེམ་ཆེན་རྫོང་། རྐང་ཚ་རྫོང་བཅས་ལ་ཆར་ཆེན་པོ་འབབ་རྒྱུ་རེད། ཚེས་ཉེར་ལྔ་ཉིན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཤར་ཕྱོགས་མདོ་ལ་རི་ཁུལ་དུ་ཆར་འབྲིང་ཙམ་ནས་ཆར་ཆེན་པོ་འབབ་རྒྱུ་རེད།

ཞིབ་ཕྲའི་སྔོན་བརྡ་ལྟར་ན། ཚེས་ཉེར་གཉིས་ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ནུབ་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ས་ཆ་མང་ཆེ་ཤོས། གདང་ལ་ས་ཁུལ་བཅས་ལ་ཆར་ཟམ་ཟིམ་དང་ཡང་ན་ཆར་ཤ་འབབ་རྒྱུ་ཡིན་ལ། དེའི་ནང་མཚོ་ནུབ་ཁུལ་གྱི་ཤར་ཕྱོགས་དང་མདོ་ལ་རི་ཁུལ་དུ་ཆར་འབྲིང་ཙམ་འབབ་རྒྱུ་ཡིན་པ་དང་། ཞིང་ཆེན་ནང་ཁུལ་གྱི་ས་གཞན་དག་ལ་གནམ་ཐང་བ་དང་ཡང་ན་སྤྲིན་མང་རྒྱུ་རེད། ཚེས་ཉེར་གསུམ་ཉིན་དང་ཚེས་ཉེར་བཞི་ཉིན། མཚོ་ཁུལ་གྱི་ས་མང་ཆེ་ཤོས་དང་མཚོ་བྱང་ཁུལ། ཡུས་ཧྲུའུ་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་ལ་ཆར་ཟམ་ཟིམ་འབབ་པ་དང་ཡང་ན་ཆར་ཤ་འབབ་རྒྱུ་རེད། ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་གྲོང་ཁྱེར་ལ་ཆར་ཟམ་ཟིམ་འབབ་རྒྱུ་རེད། དེའི་ནང་མཚོ་ནུབ་ཁུལ་གྱི་ཤར་ཕྱོགས་དང་མཚོ་བྱང་ཁུལ་གྱི་ས་མང་ཆེ་ཤོས། མཚོ་ལྷོ་ཁུལ་གྱི་བྱང་ཕྱོགས། སྟོང་སྐོར་རྫོང་བཅས་ལ་ཆར་འབྲིང་ཙམ་འབབ་རྒྱུ་རེད། མདོ་ལ་རྫོང་དང་ཐེམ་ཆེན་རྫོང་། རྐང་ཚ་རྫོང་བཅས་ལ་ཆར་ཆེན་པོ་འབབ་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་སྤྲིན་མང་བ་ནས་གནམ་རུབ་རྒྱུ་རེད། ཚེས་ཉེར་ལྔ་ཉིན་ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོར་ཆར་ཟམ་ཟིམ་དང་ཆར་ཤ་འབབ་རྒྱུ་ཡིན་ལ། དེའི་ནང་མཚོ་ནུབ་ཁུལ་གྱི་ཤར་ཕྱོགས་དང་མདོ་ལ་རི་ཁུལ་དུ་ཆར་འབྲིང་ཙམ་ནས་ཆར་ཆེན་པོ་འབབ་རྒྱུ་རེད།

ཆེད་མཁས་པས་གསལ་འདེབས་བྱས་པ་ལྟར་ན། ཐེངས་འདིར་ཆར་འབབ་ཚད་ཅུང་ཆེ་བས་ཉེ་སྔོན་གྱི་ཚ་བ་འཇོམས་པར་ནུས་པ་བཟང་པོ་ཐོན་ཐུབ་ལ། ཆར་འབབ་པའི་བརྒྱུད་རིམ་ཁྲོད་དུ་དྲག་ཆར་འབབ་པ་དང་གློག་འཁྱུག་པ། སེར་བ་འབབ་པ་སོགས་འབྱུང་སྲིད་པས། དྲག་ཆར་བབས་པར་བརྟེན་ནས་ས་ཁུལ་ཁ་ཤས་སུ་ཆུ་ལོག་འབྱུང་བ་དང་ས་གཤིས་ཀྱི་གནོད་འཚེ་འབྱུང་བར་དོགས་ཟོན་བྱེད་དགོས་ལ། ཤར་ཕྱོགས་ཞིང་ལས་ས་ཁུལ་གྱིས་དུས་དང་བསྟུན་ནས་མིའི་ཐབས་ཀྱིས་ཆར་འབེབས་པ་དང་སེར་འགོག་བྱ་བ་བསྒྲུབ་དགོས་ཟེར།