ཟླ7པའི་ཚེས22ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་དང་ཀྲུང་གུང་ཡུས་ཧྲུའུ་ཁུལ་ཨུ། ཡུས་ཧྲུའུ་ཁུལ་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། ཡུས་ཧྲུའུ་ཁུལ་དཔལ་འབྱོར་དང་ཚོང་དོན་ཨུ་ཡོན་ལྷན་ཁང་གིས་འགན་སྒྲུབ་བྱས་ལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྨན་རྫས་སྡེ་ཚོགས་ཀྱིས་རོགས་སྒྲུབ་བྱས་པའི2017ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་ཚོང་འདུ་ཚོགས་དེ་ཡུས་ཧྲུའུ་ཁུལ་འགྲེམ་སྟོན་ལྟེ་གནས་སུ་དུས་ལྟར་ཚོགས་འགོ་བརྩམས།
འཛམ་གླིང་གི་དབྱར་རྩྭ་དགུན་འབུ་ལ་ལྟ་ན་ཀྲུང་གོ་ལ་ལྟ་བ་དང་། ཀྲུང་གོའི་དབྱར་རྩྭ་དགུན་ལ་ལྟ་ན་མཚོ་སྔོན་ལ་ལྟ་བ། མཚོ་སྔོན་གྱི་དབྱར་རྩྭ་དགུན་བུ་ལ་བལྟ་ན་ཡུས་ཧྲུའུ་ལ་ལྟ་ཟེར་བ་ནང་བཞིན། ཉིན་ལྔའི་རིང་གི་བྱ་འགུལ་ཁྲོད་འོས་སྦྱོར་གྲོས་མོལ་དང་ཚོང་ཟོག་བྲིན་སྐུལ། ལས་གཞིར་གན་རྒྱ་འཇོག་པ། རྒྱལ་སྤྱིའི་སྐོར་སྐྱོད་འགྲེམ་སྟོན། དབྱར་རྩྭ་དགུན་འབུའི་དངོས་རྫུན་དབྱེ་འབྱེད་སོགས་ཁྱད་ཆོས་ལྡན་པའི་བྱ་འགུལ་རིགས་ལྔ་ཡོད་ཅིང་། ཡུས་ཧྲུའུ་ཁུལ་དེ་འཛམ་གླིང་གི་དབྱར་རྩྭ་དགུན་འབུའི་ཐོན་གནས་གཙོ་བོ་ཡིན་པའི་ཆ་ནས་ཡང་བསྐྱར་གོ་ལ་ཧྲིལ་བོའི་མིག་དབང་ཅིག་ཅར་དུ་འཕྲོག
ཐེངས་འདིའི་འགྲེམ་ཚོང་གྲོས་ཚོགས་ལས་ཁྱད་ལྡན་དང་འདུ་འཛོམས། གསར་སྐྲུན། འཕེལ་རྒྱས་བཅས་བརྗོད་བྱ་གཙོ་བོ་བྱས་ཏེ་དངུལ་གཏོང་མཉམ་ལས་དང་དཔལ་འབྱོར་ཉོ་ཚང་གྲོས་མོལ། གླེང་སྟེགས་གྲོས་ཞིབ་དང་རིག་གནས་བརྗེ་རེས་གཞི་གཅིག་ཅན་དུ་བྱས་ཡོད་པ་དང་། ཡུས་ཧྲུའུ་ཁུལ་གྱིས་བསྡུས་པའི་དབྱར་རྩྭ་དགུན་འབུ་རྒྱལ་སྤྱིའི་འགྲེམ་ཚོང་སྐབས་གསུམ་པ་ཡིན་ལ། འགྲེམ་ཚོང་གྲོས་ཚོགས་ཀྱི་སྟེགས་བུ་ལ་བརྟེན་ནས་ཡུས་ཧྲུའུ་ཡི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འཕེལ་རྒྱས་གནས་ཚུལ་གྱིས་འཛམ་གླིང་ཡོངས་ལ་དེའི་ལྐོག་གྱུར་གྱི་སྒེག་ཆོས་མངོན་པ་མ་ཟད། ཁྱོན་ཡོངས་ནས་ཡུས་ཧྲུའུ་ཡི་དབྱར་རྩྭ་དགུན་འབུ་དང་བོད་སྨན་རིག་གནས་ཀྱི་ཤན་ཤུགས་ཐེབས་ཚད་མཐོར་འདེགས་བྱས་ཏེ་ཁྱད་ཆོས་འཛམ་གླིང་ལ་མངོན་པ་རེད།
འགྲེམ་ཚོགས་ལྟེ་གནས་ཀྱི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་སྟོང་ལྔ་ཡོད་པ་དང་། དེར་དབྱར་རྩྭ་དགུན་འབུ་འགྲེམ་ཁུལ་དང་བོད་སྨན་སྤུས་ལེགས་འགྲེམ་ཁུལ། རྒྱལ་སྤྱིའི་འགྲེམ་སྟོན་ཁང་། ཞིང་ཆེན་ནང་ཁུལ་དང་མཐའ་འཁོར་ས་ཁུལ་གྱི་ཁྱད་ལྡན་ཚོང་ཟོག་འགྲེམ་སྟོན་ཁང་། ཕྱི་རྒྱལ་གྱི་ཚོང་ཟོག་བརྗེ་རེས་ཁང་། རིག་གནས་བར་ཁྱམས་སོགས་འགྲེམ་ཚོགས་ཁང་ལྔ་ལ་འགྲེམ་གནས་ཉིས་བརྒྱ་ལྷག་ཡོད་ལ། འགྲེམ་ཁུལ་གྱི་རྒྱ་ཁྱོན་དང་ནང་དོན་ཚང་མའི་ཐད་ནས་སྐབས་རིམ་བྱོན་གྱི་ཆེས་ལེགས་པའི་ཟིན་ཐོ་བསྐྲུན་ཡོད་པ་རེད། འགྲེམ་སྟོན་ཁང་གི་ནང་དུ་རིགས་སོ་སོའི་འགྲེམ་ཁང་ལས་གཞན། ཆེད་དུ་འཛད་སྤྱོད་པར་དབྱར་རྩྭ་གསལ་འབྱེད་ཁུལ་བཀོད་སྒྲིག་བྱས་ནས་འགྲེམ་ཚོགས་སུ་ཞུགས་པའི་ཐོན་རྫས་ཀྱི་རྒྱུ་སྤུས་ཐད་ལྟ་སྐུལ་དོ་དམ་བྱས། ཡུས་ཧྲུའུ་ཁུལ་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ་ཡི་ལུའུ་ཕིན་གྱིས་གསར་འགོད་པར་བཤད་རྒྱུར། འགྲེམ་ཚོགས་ཀྱི་སྐབས་སུ། ཡུས་ཧྲུའུ་ཁུལ་དཔལ་འབྱོར་ཉོ་ཚོང་ཨུ་ཡོན་ལྷན་ཁང་དང་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་འགྲེམ་ཚོགས་སུ་ཞུགས་པའི་དབྱར་རྩྭ་དགུན་འབུ་དང་ཟས་རིགས་སྨན་རྫས་ལ་ཐོག་མའི་ཞིབ་བཤེར་བྱས་ཟིན་པ་དང་། འགྲེམ་ཚོགས་སྐབས་སུ་ལས་སྒྲུབ་མི་སྣས་ཀྱང་འགྲེམ་ཚོགས་སུ་ཞུགས་པའི་ཟས་རིགས་སྨན་རྫས་ལ་ལྟ་སྐུལ་དོ་དམ་བྱེད་པ་དང་། རྒྱུ་སྤུས་ལ་ཞིབ་བཤེར། འཛད་སྤྱོད་པའི་ཁེ་དབང་ལ་གནོད་པའི་གནད་དོན་ཐག་གཅོད་བྱས་ནས་འགྲེམ་ཚོགས་སྐབས་སུ་འགྲེམ་སྟོན་ཁང་གི་ནང་དུ་སྤུས་ཞན་ཚོང་ཟོག་མེད་པར་ཁག་ཐེག་བྱེད་རྒྱུ་རེད།
རྒྱུས་ལོན་པ་ལྟར་ན། མཚོ་སྔོན་གྱི་དབྱར་རྩྭ་དགུན་འབུའི་ཐོན་ཚད་ཀྱིས་ཀྲུང་གོའི་སྤྱིའི་ཐོན་ཚད་ཀྱི་བརྒྱ་ཆའི་དྲུག་ཅུ་ཡས་མས་ཟིན་ཡོད་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དཀྱིལ་སྙིང་ཁུལ་གྱི་ཡུས་ཧྲུའུ་ཡི་དབྱར་རྩྭ་དགུན་འབུའི་ཐོན་ཚད་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་སྤྱིའི་ཐོན་ཚད་ཀྱི་བརྒྱ་ཆའི་བརྒྱད་ཅུ་ཟིན་ཡོད་པ་རེད། ཡུས་ཧྲུའུ་ཡི་དབྱར་རྩྭ་དགུན་འབུས་ཐུན་མོང་མ་ཡིན་པའི་ཁོར་ཡུག་དགེ་མཚན་ལ་བརྟེན་ནས་ཐོན་སྐྱེད་བྱས་པའི་དབྱར་རྩྭ་དགུན་འབུ་དེ་ཐོན་ཁུངས་འཁྲུལ་མེད་དང་གཞན་ལས་ཆེ་བ། སྨན་ནུས་མངོན་གསལ་ཡིན་པས་ཚོང་དུད་དང་འཛད་སྤྱོད་པའི་དགའ་བསུ་ཚད་མེད་ཐོབ། དབྱར་རྩྭ་དགུན་འབུའི་ཐོན་ཁུལ་གཙོ་བོ་ནས་མང་ཚོགས་ཀྱི་བཅུ་ཆའི་བདུན་གྱི་ཡོང་སྒོ་དེ་དབྱར་རྩྭ་དགུན་འབུ་ལ་བརྟེན་ནས་ཐོབ་དགོས་པ་རེད།
འགྲེམ་ཚོགས་སྐབས་སུ་ད་དུང་ལས་གཞིར་གན་རྒྱ་འཇོག་པ་དང་བོད་སྨན་ཡུལ་དངོས་འགྲེམ་སྟོན། དབྱར་རྩྭ་དགུན་འབུའི་རྩེ་གྲས་གླེང་སྟེགས། དབྱར་རྩྭ་དགུན་འབུའི་འགྲན་སྡུར་སོགས་བྱ་འགུལ་ཡང་སྤེལ་རྒྱུ་རེད།