གསར་འགོད་པས་མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ་སྤེལ་བའི་མཚོ་སྔོན་པོའི་ཆུ་བྱ་རྒྱུད་སྤེལ་དུས་ཡུན་ཐོན་ཁུངས་ལ་ཚད་ལེན་བྱས་པའི་ཁྲོད། ཁྱོན་བསྡོམས་ཆུ་བྱ་རིགས་ཞེ་གསུམ་དང་བྱ་རིགས་ཁྲི་ལྔ་དང་སྟོང་གཅིག་ཡོད་པ་ཟིན་ཐོར་བཀོད་ཅིང་། དེ་ནི་ལོ་སྔོན་ལ་ལས་ཆུ་བྱའི་རིགས་གསུམ་གྱིས་ཇེ་མང་དུ་འཕར་བ་དང་བྱ་སྟོང་གཅིག་གིས་ཇེ་མང་དུ་སོང་བར་མ་ཟད། ཇེ་མང་དུ་འཕར་བའི་བྱ་རིགས་གཙོ་བོ་ནི་ཆུ་སྐྱར་རེད།
མཚོ་བོད་མཐོང་སྒང་གི་ཤར་རྒྱུད་ན་གནས་པའི་མཚོ་སྔོན་པོ་ནི་རང་རྒྱལ་གྱི་ཆེས་ཆེ་བའི་སྐམ་སའི་སྟེང་གི་ཚྭ་མཚོ་དང་རྒྱལ་སྤྱིའི་བརླན་ས་གལ་ཆེན་ཞིག་ཡིན་པ་དང་། ཨེ་ཤེ་ཡ་གླིང་གི་བྱ་རིགས་འདུས་སྡོད་བྱས་ཏེ་རྒྱུད་སྤེལ་བྱེད་གནས་དང་གནས་སྤོ་བྱེད་ས་ཡང་ཡིན། ཟླ་བདུན་པའི་ཟླ་དཀྱིལ་ནི་བྱ་རིགས་ཀྱི་རྒྱུད་སྤེལ་བའི་དུས་ཚིགས་ཤིག་ཡིན་པས། མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དོ་དམ་ཅུའུ་ཡིས། མཚོ་སྔོན་པོའི་ཆུ་བྱའི་ཐོན་ཁུངས་ལ་ཚད་ལེན་བྱས།
ཐེངས་འདིའི་ཚད་ལེན་བརྒྱུད་ཤེས་པ་ལྟར་ན། མཚོ་སྔོན་པོའི་བྱ་རིགས་ཆེན་མོ་བཞིའི་རྒྱུད་སྤེལ་གྲངས་ཀ་ཁྲི་གསུམ་དང་སྟོང་བདུན་ཡོད་ཅིང་། ཁྲུང་ཁྲུང་མགོ་ཁྲ་སྟོང་བདུན་དང་སོ་བྱ་ཁྲི་གཅིག་དང་སྟོང་ལྔ། ཆུ་སྐྱར་སྟོང་དགུ ཆུ་སྐྱར་མགོ་ཁམ་སྨུག་ཅན་སྟོང་བདུན་ཡོད། སྤྱིའི་ཁ་གྲངས་ནི་ལོ་སྔོན་མ་རྣམས་དང་བསྡུར་ན་བརྟན་འཇགས་ཀྱི་ཁྲོད་ནས་ཇེ་མང་དུ་འཕེལ་ཡོད།