ཉེ་ལམ། མགོ་ལོག་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན། པདྨ་རྫོང་ཏང་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་རྫོང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་དང་རྫོང་སློབ་གསོ་ཅུའུ། རྫོང་དབུལ་སྐྱོར་ཅུའུ་ཡི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣས་གྲུབ་པའི་རྟོག་ཞིབ་ཚན་ཆུང་ཞིག་རྩ་འཛུགས་བྱས་ཏེ་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཧོང་ཡོན་རྫོང་དུ་སོང་ནས་བལ་བོའི་བོད་ཀྱི་ས་གདན་ལག་ཤེས་བཟོ་རྩལ་ཐད་རྟོག་ཞིབ་བྱས། རྟོག་ཞིབ་ཚན་ཆུང་གིས་རྟོག་ཞིབ་དང་དཔྱད་ཞིབ་གང་ལེགས་བྱས་པའི་རྨང་གཞིའི་སྟེང་ཕྱོགས་མང་པོ་མཐུན་སྦྱོར་བྱས་པ་བརྒྱུད་དེ་བལ་བོའི་བོད་ཀྱི་ས་གདན་ལས་སྣོན་ལག་ཤེས་པ་པདྨ་རྫོང་གི་ཐོན་ལས་ཁུལ་དུ་གདན་འདྲེན་བྱས་ཏེ་པདྨ་རྫོང་གི་གནད་ཕིགས་དབུལ་སྐྱོར་ཁྱིམ་ཚང་དང་རོང་འབྲོག་ཁུལ་གྱི་བུད་མེད་ཚོར་བོད་ཀྱི་ས་གདན་བཟོ་རྩལ་ཐད་ཀྱི་གསོ་སྦྱོང་བྱེད་པ་དང་ལས་ཞུགས་ཀྱིས་དབུལ་ཐར་ལ་སྣེ་ཁྲིད་བྱས་ནས་མང་ཚོགས་དབུལ་ཐར་ཕྱུག་སྒྱུར་བྱེད་པར་རོགས་སྐྱོར་བྱེད་པའི་བགྲོད་ལམ་གསར་བ་ཞིག་ཡང་བསྐྱར་འཚོལ་ཞིབ་བྱས།
མིག་སྔར། པདྨ་རྫོང་ཐོན་ལས་ཁུལ་གྱིས་བསྡོམས་པས་སྣེ་ཁྲིད་ཁེ་ལས་གཅིག་དང་ས་གནས་གཞན་པའི་ཁེ་ལས་གསུམ། ས་གནས་རང་གི་ཁེ་ལས་ལྔ་བཅས་ནང་འདྲེན་བྱས་ཡོད་པ་དང་བོད་ཀྱི་དམངས་སྲོལ་དང་རིག་གནས་གཙོ་གྲས་རྨང་གཞི་བྱས་པའི་ཡུལ་སྐོར་ཐོན་རྫས་དང་དམངས་ཁྲོད་ལག་ཤེས་བཟོ་རྩལ་ཐོན་རྫས་སྐོར་ཞིག་སྐུལ་ཁྲིད་བྱས་ལ། གོན་པ་ལས་སྣོ་དང་བོད་ཇ་ཐོན་སྐྱེད། བོད་ཀྱི་ས་གདན་ཐོན་སྐྱེད་བྱེད་པ་སོགས་ཀྱི་གསར་དར་ཐོན་ལས་སྐོར་ཞིག་གསོ་སྐྱོང་བྱས་ནས་དབུལ་ཕོངས་མང་ཚོགས་བརྒྱ་དང་ལྔ་བཅུའི་ལས་ཞུགས་ལས་གནས་ཐག་གཅོད་བྱས་པ་དང་ངལ་རྩོལ་ནུས་ཤུགས་མེད་པའི་དབུལ་ཕོངས་མི་གྲངས་སྟོང་གཅིག་དང་དྲུག་བརྒྱ་རེ་གཉིས་ལ་ཐོན་ལས་ཁུལ་བརྒྱུད་ནས་མི་རེར་ལོ་རེ་ལ་སྒོར་སྟོང་གཅིག་གི་ཡོང་སྒོ་ཡོད།