ཟླ7པའི་ཚེས20ཉིན། བོད་སྐྱོར་ཐེབས་རྩ་ཚོགས་པ་དང་མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པ། མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་། མཚོ་སྔོན་ཞིང་ཆེན་ས་གནས་སྨན་བཅོས་ཁང་། པདྨ་རྫོང་ཨུ་དང་པདྨ་རྫོང་སྲིད་གཞུང་། པདྨ་རྫོང་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་སྤེལ་བའི་པདྨ་རྫོང་གི་ཐུམ་འབུའི་ནད་རིན་མེད་གྲལ་བཤེར་དང་གཤགས་བཅོས་སྨན་བཅོས་བྱེད་པའི་བྱ་འགུལ་དངོས་སུ་འགོ་བརྩམས།
སྨན་བཅོས་ཚོགས་པའི་ཆེད་མཁས་པ་དམིགས་སར་ཐོན་རྗེས་ལམ་བར་གྱི་དཀའ་ཚེགས་དང་མཐོ་སྒང་གི་དབྱང་དབུགས་དཀོན་པའི་དཀའ་ཁག་ཅི་ལའང་མི་འཛེམ་པར་ཐུམ་འབུའི་ནད་བརྟག་བཅོས་བྱ་བའི་ཁྲོད་ཞུགས་ཏེ་པདྨ་རྫོང་མི་དམངས་སྨན་ཁང་གི་སྨན་བཅོས་མི་སྣ་དང་མཉམ་དུ་ཐུམ་འབུའི་ནད་ཀྱི་རིན་མེད་གྲལ་བཤེར་སྤེལ་བ་མ་ཟད། ནད་པ་རེ་རེའི་ནད་བརྟག་ལ་ནན་ཏན་གྱིས་དབྱེ་ཞིབ་བྱས་ནས་གཤགས་བཅོས་ལས་ཞིབ་འཇུག་བརྡར་གཅོད་བྱེད་ཐུབ་མིན་དང་། གཤགས་བཅོས་བྱས་ཆོག་པའི་ནད་པར་དུས་ཐོག་ཏུ་གཤགས་བཅོས་བྱས་པ་མ་ཟད། སྨན་རྫས་ལ་བརྟེན་ནས་ནད་བཅོས་བྱས་ཆོག་པའི་ནད་པར་རིན་མེད་སྒོས་སྨན་རྫས་བྱིན་ཏེ་ནད་བཅོས་བྱས། ཟླ7པའི་ཚེས22ཉིན་གྱི་དུས་ཚོད19བར་དུ། སྨན་བཅོས་ཚོགས་པས་ཚད་བརྒལ་སྒྲ་རླབས་དང་གསལ་ཐིག ཁྲག་ལ་བརྟག་བཤེར་བྱས་པ་སོགས་བརྒྱུད་ནས་བསྡོམས་པས་མི་སུམ་བརྒྱ་དོན་བརྒྱད་ལ་གྲལ་བཤེར་བྱས་པ་དང་། ཐུམ་འབུའི་ནད་ངོས་ཟིན་པའི་ནད་པ་བརྒྱ་དང་ཉེར་དྲུག་དང་། གཤགས་བཅོས་བྱེད་དགོས་པ་དང་ཞག་སྡོད་བྱེད་དགོས་པའི་ནད་པ་བཅུ་གསུམ་ཡོད། ཟླ7པའི་ཚེས22ཉིན། མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཧྥན་ཧའེ་ཉིན་གཤགས་བཅོས་བྱེད་མཁན་གཙོ་བོ་དང་མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་དང་པདྨ་རྫོང་མི་དམངས་སྨན་ཁང་གི་སྨན་བཅོས་མི་སྣས་རོགས་འདེགས་བྱས་པར་བརྟེན་ནས་པདྨ་རྫོང་མི་དམངས་སྨན་ཁང་དུ་ཐུམ་འབུའི་ནད་པ་གསུམ་ལ་གཤགས་བཅོས་བྱས་ནས་ལེགས་གྲུབ་བྱུང་།
དེ་དང་མཉམ་དུ། རྫོང་ཨུ་དང་རྫོང་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་ལྟར། སྨན་བཅོས་ཚོགས་པས་ད་དུང་པདྨ་རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་མཉམ་འབྲེལ་བྱས་ཏེ་ལྷག་མའི་ཉིན་བཅུའི་ནང་པདྨ་རྫོང་གི་ལས་བྱེད་པ་ཡོད་ཚད་དང་ཉེན་རྟོག་དྲག་ཆས་དམག་དཔུང་གི་དཔོན་དམག རྫོང་མཁར་དུ་བསྡད་ནས་ཟླ་དྲུག་གི་ཡན་ལོངས་ཡོད་པའི་སྡོད་དམངས་བཅས་ལ་ཐུམ་འབུའི་ནད་དང་མཆིན་ནད། གློ་བའི་ཚ་ནད་སོགས་འགོས་ནད་ཐད་ནས་གྲལ་བཤེར་བྱེད་པའི་བདེ་ཐང་བརྟག་བཤེར་བྱ་འགུལ་སྤེལ་བའི་འཆར་གཞི་ཡོད་པ་དང་། མིག་སྔར་བརྟག་བཤེར་བྱ་འགུལ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་པའི་སྒང་རེད།