









ཟླ་བདུན་པའི་ཚེས་ཉེར་ལྔ་ཉིན། ཡུས་ཧྲུའུ་རྟ་རྒྱུག་འགྲན་ཚོགས་དང་། སྐབས་གཉིས་པའི་གེ་སར་རིག་གནས་སྒྱུ་རྩལ་དུས་སྟོན། གཙང་གསུམ་འབྱུང་ཡུལ་ཆུའི་རིག་གནས་དུས་ཆེན་བཅས་ཚོགས་མགོ་པའི་མཛད་སྒོ་དེ་བྱ་ཤུལ་ཁོག་རྟ་རྒྱུག་ཁྲོམ་ར་ཆེན་མོ་ནས་གཟབ་རྒྱས་ངང་ཚོགས་མགོ་བརྩམས།
ཀྲུང་གུང་ཡུས་ཧྲུའུ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཡུས་ཧྲུའུ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ཚེ་རིང་ཐར་གྱིས་མཛད་སྒོར་འགོ་འཛིན་བྱས་པ་དང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཟུར་པ་པདྨ་དང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཆིན། ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་སོགས་རྒྱལ་ཁབ་ཁབ་ཕྱི་ནང་གི་ལས་རིགས་ཁག་སོ་སོ་ནས་ཕེབས་པའི་སྐུ་མགྲོན་ལྔ་བརྒྱ་ལྷག་མགོ་རྩོམ་མཛད་སྒོར་ཞུགས་ལ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཟུར་པ་པདྨས་ཡུས་ཧྲུའུ་རྟ་རྒྱུག་འགྲན་ཚོགས་སམ་སྐབས་གཉིས་པའི་གེ་སར་རིག་གནས་སྒྱུ་རྩལ་དུས་སྟོན་དང་གཙང་གསུམ་འབྱུང་ཡུལ་ཆུའི་རིག་གནས་དུས་ཆེན་བཅས་ཚོགས་མགོ་བརྩམས་པ་དངོས་སུ་ཁྱབ་སྒྲོག་བྱས་པ་དང་བསྟུན་ནས་ཚོགས་ར་ཡོངས་སུ་དགའ་སྤྲོའི་ཡོ་ལང་རྣམ་པར་རྒྱས།
མགོ་རྩོམ་མཛད་སྒོའི་རིག་རྩལ་འཁྲབ་སྟོན་གྱི་ནང་དོན་ལ་ཆོས་ལུགས་དང་འབྲེལ་བའི་གནའ་བོའི་བོད་ཀྱི་བྲོ་གར་དང་། དམངས་ཁྲོད་བྲོ་གར། གེ་སར་ཟློས་གར། ཡུས་ཧྲུའུ་སྲོལ་རྒྱུན་གྱི་རྟ་རྩལ་ངོམ་པ། ད་དུང་འབྲོག་པ་རུ་སྤོར་བ་དང་རྨོ་ཞིང་འདེབས་པའི་རྣམ་པ་སོགས་གར་གྱི་ལམ་ནས་ཚང་མའི་སྤྱན་ལམ་དུ་བསྟར་ཞིང་། དེ་ལས་ཡུས་ཧྲུའུ་མི་དམངས་ཀྱིས་མི་རིགས་རང་གི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བཞིན་པ་མཚོན་པར་མ་ཟད། ས་གནས་རང་གི་སྲོལ་རྒྱུན་རིག་གནས་མི་ཉམས་གོང་སྤེལ་གཏོང་བར་ཡང་འབད་པ་བྱེད་བཞིན་པ་མཚོན་ཡོད། མགོ་རྩོམ་མཛད་སྒོའི་སྟེང་། རིག་རྩལ་འཁྲབ་སྟོན་ལས་གཞན། རི་ཆུ་ལ་སྲུང་སྐྱོབ་བྱས་ནས་རྨ་འབྲི་རྫ་གསུམ་ལ་སྲུང་སྐྱོབ་བྱེད་ཅེས་པའི་གྲོས་འདོན་ཡི་གེ་སྒྲོག་འདོན་བྱས་ནས། སྤྱི་ཚོགས་ཡོངས་ཀྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པར་འབོད་སྐུལ་བྱས་ཏེ། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་རང་སྟེང་ནས་སྟོབས་ཤུགས་ཕུལ།
རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན།ད ་ལོར་ལོ་སྔོན་མ་དག་དང་མི་འདྲ་བ་ནི། དུས་ཆེན་གསུམ་པོ་དེ་ངེས་པ་དོན་གྱིས་མང་ཚོགས་ཀྱི་དུས་ཆེན་དུ་འགྱུར་བར་བྱེད་པ་དང་ཚང་མར་དུས་ཆེན་གྱི་ལྟད་མོ་ལོངས་སུ་སྤྱོད་དུ་འཇུག་ཆེད། དུས་ཆེན་སྔོན་གྱི་ཚེས་ཉེར་བཞི་ཉིན་ཡུས་ཧྲུའུ་ཁུལ་ཐོག་གི་སྲང་ལམ་གཙོ་བོ་དག་ནས་ཡུས་ཧྲུའུ་ཁུལ་གྱི་གྲོང་ཁྱེར་གཅིག་དང་རྫོང་ལྔ་ནས་ཕེབས་པའི་འཁྲབ་སྟོན་མི་སྣས་རྟར་ཞོན་པ་དང་། རྒྱན་གོས་སྤྲས་པ། ཞབས་བྲོ་འཁྲབ་པ་སོགས་ཀྱི་ཐབས་ལམ་ལ་བརྟེན་ནས་མང་ཚོགས་རྣམས་ལ་དུས་ཆེན་སྔོན་གྱི་ལྟད་མོ་གྱ་ནོམ་པ་ཞིག་ཕུལ།
ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་ཡུས་ཧྲུའུ་རྟ་རྒྱུག་འགྲན་ཚོགས་སམ་སྐབས་གཉིས་པའི་གེ་སར་རིག་གནས་སྒྱུ་རྩལ་དུས་སྟོན་དང་གཙང་གསུམ་འབྱུང་ཡུལ་ཆུའི་རིག་གནས་དུས་ཆེན་གྱི་དྲིལ་སྒྲོག་གོ་སྐབས་དང་བསྟུན་ནས། རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་མང་པོ་བཀུག་ནས་ཡུས་ཧྲུའུ་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་རང་སྟེང་གི་ནུས་ཤུགས་གང་ཡོད་འདོན་བཞིན་མཆིས།
གསར་འགོད་པ། ཚེ་རིང་སྒྲོལ་མ།