ཟླ7པའི་ཚེས་28ཉིན། མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་ཁུལ་གྱི་ཐུན་མོང་ཐོན་དབང་ལམ་ལུགས་བཅོས་སྒྱུར་ཚོད་ལྟ་བྱ་བ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་ཁྱོན་ཡོངས་ནས་འགོ་བརྩམས།
རོང་འབྲོག་ཁུལ་གྱི་ཐུན་མོང་ཐོན་དབང་ལམ་ལུགས་བཅོས་སྒྱུར་ནི་ཞིང་སྡེའི་ས་ཞིང་དབང་གསུམ་ཆ་བགོས་ཀྱི་ལམ་ལུགས་གལ་ཆེན་གསར་སྐྲུན་བྱས་པའི་རྗེས་ཀྱི་ཀྲུང་དབྱང་གི་རྒྱང་རིང་ལ་དམིགས་པ་དང་ཁྱོན་ཡོངས་ལ་དམིགས་པའི་བཅོས་སྒྱུར་ཆེན་པོ་ཞིག་ཡིན་པར་མ་ཟད། ད་ལོའི་ཁྱོན་ཡོངས་ནས་རོང་འབྲོག་ཁུལ་བཅོས་སྒྱུར་གཏིང་ཟབ་བྱེད་པའི་འགོ་རྩོམ་ས་ཡིན་པས། ཞིང་ཕྱུགས་ལས་འཕེལ་རྒྱས་སྒུལ་ནུས་ལ་སྐུལ་མ་བཏང་ནས་ཞིང་ཕྱུགས་ལས་ཀྱི་གྲུབ་འབྲས་འཕར་སྣོན་བྱས་ཏེ་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་བྱེད་པར་སྐུལ་འདེད་གཏོང་བར་ཕན་པ་ཡོད།
ད་ལོའི་ཟླ6པར། རྒྱལ་ཁབ་ཞིང་ལས་པུའུ་ཡིས་རྩེ་ཁོག་རྫོང་དེ་ཞིང་སྡེའི་ཐུན་མོང་ཐོན་དབང་ལམ་ལུགས་བཅོས་སྒྱུར་ཚོད་ལྟ་བྱེད་སའི་རྫོང་ལ་གཏན་འཁེལ་བྱས་ནས་རྒྱལ་ཡོངས་ཀྱི་བཅོས་སྒྱུར་ཚོད་ལྟ་བྱེད་སའི་རྫོང་བརྒྱའི་གྲས་ཀྱི་གཅིག་ཏུ་གྱུར་བ་དང་། མཚོ་སྔོན་ཞིང་ཆེན་གྱི་ཚོད་ལྟ་བྱེད་སའི་རྫོང་གཅིག་པུ་ཡང་རེད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཀྱང་རྩེ་ཁོག་རྫོང་དེ་ཞིང་ཆེན་རིམ་པའི་ཚོད་ལྟ་བྱེད་སའི་རྫོང་དྲུག་གི་གྲོས་ཀྱི་གཅིག་ཏུ་གཏན་འཁེལ་བྱས།
སྐོར་གསར་བའི་ཞིང་སྡེའི་མཉམ་སྡེབ་ཐོན་དབང་ལམ་ལུགས་བཅོས་སྒྱུར་ཚོད་ལྟ་བྱེད་སའི་ལས་ཁུངས་ཡིན་པའི་ཆ་ནས། རྩེ་ཁོག་རྫོང་གིས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་བཅུ་ནས་མ་རྐང་ལམ་ལུགས་བསྒྱུར་བཀོད་བྱ་བ་ཁྱབ་སྤེལ་བཏང་བ་དང་། ལྷག་པར་དུ་ལྷ་དཀར་གྱི་མ་རྐང་ལམ་ལུགས་བསྒྱུར་བཀོད་ཀྱིས་ཐེངས་འདིའི་བཅོས་སྒྱུར་ཐད་རྨང་གཞི་ལེགས་པོ་བཏིངས།