མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཟླ་བདུན་པའི་ཚེས་ཉེར་དྲུག་ཉིན་གངས་ལུང་ཞང་ནས་ལས་རྐང་སྦྱོང་བརྡར་ཤེས་བྱ་འགྲན་སྡུར་སྤེལ་བ་དང་། དགའ་བདེ་རྫོང་གི་ཞང་དང་གྲོང་རྡལ་སོ་སོ་ནས་ཡོང་བའི་འགྲན་ཞུགས་རུ་ཁག་ལྔ་འགྲན་སྡུར་ལ་ཞུགས།
རྒྱུས་ལོན་བྱུང་བ་ལྟར་ན། ཤེས་བྱ་འགྲན་སྡུར་གྱི་ནང་དོན་ཐད་ནས་གཞི་རྩའི་ཞང་དང་སྡེ་བའི་གནས་ཚུལ་དང་གནད་ཕིགས་དབུལ་སྐྱོར། ཁྲིམས་སྲོལ་ལམ་ལུགས། སྨན་བཅོས་འཕྲོད་བསྟེན། མི་རིགས་མཐུན་སྒྲིལ་སོགས་ཕྱོགས་ཀྱི་ནང་དོན་གཙོར་བྱས་ཡོད་ལ། འགྲན་སྡུར་གྱི་དམིགས་ཡུལ་ནི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ལས་བྱེད་པ་ཚོས་སྦྱང་བ་ལག་ལེན་དུ་བསྟར་བ། ལག་ལེན་ཁྲོད་ནས་སློབ་སྦྱོང་བྱེད་པ་དང་སློབ་སྦྱོང་ཁྲོད་ནས་ལག་ལེན་བྱེད་པ། སློབ་སྦྱོང་གི་གྲུབ་འབྲས་དེ་བྱ་བའི་ནུས་ཤུགས་སུ་བསྒྱུར་ནས། སློབ་ལ་བརྩོན་པ་དང་། སློབ་སྦྱོང་བྱེད་ཤེས་པ། སློབ་སྦྱོང་ལ་སྐུལ་འདེད་བྱེད་པའི་སྣང་ཚུལ་བཟང་བོ་ཆགས་པར་བྱེད་རྒྱུ་དེ་རེད།