མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་དང་ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་ཚན་རྩལ་ཐིན་སོགས་སྡེ་ཁག་བཅུ་ཡིས་མཉམ་འབྲེལ་སྒོས་བསྒྲུབས་པའི་མཚོ་སྔོན་ཞིང་ཆེན་གྱི་ལས་སྐྲུན་གྲུབ་འབྲས་འགྲེམ་སྟོན་སྐབས་གསུམ་པ་ཟླ་བདུན་པའི་ཚེས་ཉེར་བརྒྱད་ཉིན་མཚོ་སྔོན་ཞིང་ཆེན་རྒྱལ་སྤྱིའི་འགྲེམ་ཚོགས་ལྟེ་གནས་ནས་བསྡུ་མགོ་བརྩམས་པ་དང་། ཁྱབ་ཁོངས་དང་ལས་རིགས་བཅུ་ནས་ཡོང་བའི་ཕུལ་བྱུང་ལས་སྐྲུན་རྣམ་གྲངས་སུམ་བརྒྱ་དང་ཉེར་བརྒྱད་གཅིག་བསྡུས་སྒོས་འགྲེམ་སྟོན་ལ་ཞུགས་ནས། ཕྱོགས་ཡོངས་ནས་མཚོ་སྔོན་ཞིང་ཆེན་གྱི་དམངས་ཀྱིས་བྱ་གཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་ཐད་ནས་བླངས་པའི་གྲུབ་འབྲས་འགྲེམ་སྟོན་བྱས།
ཐེངས་འདིའི་བྱ་འགུལ་ཐད་ནས་ལས་སྐྲུན་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་བྱས་ཏེ། མཉམ་དུ་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་བརྗོད་སྙིང་དུ་བྱས་ཡོད་པ་དང་། ཚན་རྩལ་གྲུབ་འབྲས་འགྲེམ་སྟོན་བྱས་ཡོད་པ་མ་ཟད། ཐོན་རྫས་འགྲེམ་ཚོང་ཡང་བྱེད་ཀྱིན་ཡོད་ལ། ལག་རྩལ་གསར་བ་དང་ཐོན་རྫས་གསར་བ་ཡོད་པ་མ་ཟད། ལས་སྐྲུན་རྣམ་གྲངས་ངོ་སྤྲོད་ཀྱང་བྱས་ཏེ། འགྲེམ་སྟོན་ལས་གཞི་དང་ལས་སྐྲུན་པའི་སྣང་བརྙན་འགྲེམ་སྟོན་གང་ལེགས་བྱས་པའི་ཞོར་དུ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཕུལ་བྱུང་ལས་སྐྲུན་ལས་གཞི་སྐོར་ཞིག་གིས་ཞིང་ཆེན་ཕྱི་ནང་གི་ཁེ་ལས་མང་པོ་ནང་འགུག་བྱས་ནས་མཉམ་ལས་གྲོས་མཐུན་བཀོད།
ལས་སྐྲུན་གྲུབ་འབྲས་འགྲེམ་སྟོན་ཡུལ་དངོས་སུ། རིག་ནུས་འཕྲུལ་ཆས་ཀྱི་མི་དང་རིག་ནུས་རོལ་ཆས། མི་མེད་གནམ་གྲུ་བཅས་ཚན་རྩལ་ཐོན་རྗས་དང་། ཡུས་ཧྲུའུ་དང་མགོ་ལོག མཚོ་བྱང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི་འགྲེམ་སྟོན་ཁང་ནས་འགྲེམ་སྟོན་བྱས་པའི་འབྲི་ཞོ་དང་མར། ཆུར་ར་སོགས་ཁྱད་ཆོས་ཐོན་རྫས་ལ་མི་ཡོངས་ཀྱི་བསྔགས་བརྗོད་ཆེན་པོ་ཐོབ།
འགྲེམ་སྟོན་མགོ་རྩོམ་པའི་ཡུལ་དངོས་སུ། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱི་ཐིན་ཀྲང་ཡཱང་དབྱི་ཡིས་བཤད་རྒྱུར། གྲུབ་འབྲས་འགྲེམ་སྟོན་བསྡུས་པ་དེས། མཚོ་སྔོན་གྱི་ཀུན་གྱིས་བྱ་གཞག་བསྐྲུན་པ་དང་དམངས་ཀྱིས་ལས་སྐྲུན་བྱེད་པའི་བྱ་བ་སྤེལ་བ་དང་། ཚན་རྩལ་གསར་གཏོད་གྲུབ་འབྲས་དེ་མངོན་སུམ་གྱི་ཐོན་སྐྱེད་ནུས་ཤུགས་སུ་བསྒྱུར་བའི་ཐད་ཤན་ཤུགས་ཆེན་པོ་ཐེབས་ཐུབ་པ་ཁོ་ཐག་ཡིན་པ་དང་། དེ་དང་མཉམ་དུ། མཚོ་སྔོན་ཞིང་ཆེན་གྱི་རྒྱ་ཆེའི་མང་ཚོགས་ཀྱི་གསར་གཏོད་ལས་སྐྲུན་གྲུབ་འབྲས་དང་ལས་སྐྲུན་པའི་དུས་རབས་ཀྱི་སྣང་བརྙན་འགྲེམ་སྟོན་བཟང་བོ་བྱས་ནས། མང་ཚོགས་སྔར་ལས་མང་པོ་ལས་སྐྲུན་ཁྲོད་ཞུགས་པར་སྐུལ་འདེད་བྱེད་པའི་དོན་སྙིང་གལ་ཆེན་ལྡན་ཟེར།