མཚོ་སྔོན་ཞིང་ཆེན་གྱི་མཐོ་སྒང་གི་མཛེས་པའི་ཞང་སྡེ་འཛུགས་སྐྲུན་ཐད་འཕེལ་རྒྱས་ཆེན་པོ་བྱུང་།
2017.08.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 3

གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་བཅུ་བཞི་ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་ལོ་རེར་ཞང་སྡེ་སུམ་བརྒྱ་མཐོ་སྒང་གི་མཛེས་པའི་ཞིང་སྡེར་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་བ་དང་། ཉིས་སྟོང་བཅུ་དྲུག་ལོའི་ལོ་མཇུག་བར་དུ་བསྡོམས་པས་ཞང་སྡེ་དགུ་བརྒྱར་མཐོ་སྒང་གི་མཛེས་པའི་ཞང་སྡེ་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་ལ། དེས་ཞིང་ཆེན་ཡོངས་ཀྱི་ཞང་སྡེའི་སྤྱིའི་གྲངས་འབོར་གྱི་བརྒྱ་ཆའི་ཉེར་གཅིག་དང་གྲངས་ཆུང་དྲུག་ཟིན་པ་དང་འཛུགས་སྐྲུན་མ་དངུལ་སྒོར་ཐེར་འབུམ་བརྒྱད་དང་བྱེ་བ་བདུན་བཏང་། མཐོ་སྒང་གི་མཛེས་པའི་ཞང་གྲོང་འཛུགས་སྐྲུན་བྱེད་ཚད་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་བ་དང་བསྟུན་ནས། མཚོ་སྔོན་ཞིང་ཆེན་གྱི་ཞང་སྡེ་དགུ་བཅུ་ཀྲུང་གོའི་སྲོལ་རྒྱུན་ཞང་སྡེའི་མིང་ཐོའི་ཁྲོད་ཚུད་པ་དང་། ད་རུང་མུ་མཐུད་དུ་སྐོར་ལྔ་བའི་ཀྲུང་གོའི་སྲོལ་རྒྱུན་ཞང་སྡེའི་ཡིག་ཐོག་སྙན་ཞུའི་བྱ་བ་ཧུར་ཐག་གིས་སྤེལ་ནས་མཚོ་སྔོན་གྱི་ཞང་སྡེ་སྔར་ལས་མང་པོ་ཀྲུང་གོའི་སྲོལ་རྒྱུན་ཞང་སྡེའི་མིང་ཐོའི་ཁྲོད་ཚུད་པར་འབད་བརྩོན་བྱེད་བཞིན་ཡོད། ཉེ་བའི་ལོ་འགའི་རིང་གི་མཐོ་སྒང་གི་མཛེས་པའི་ཞང་སྡེ་འཛུགས་སྐྲུན་བྱས་པ་བརྒྱུད་ནས། ས་ཆ་སོ་སོས་ཞིང་སྡེའི་ཕྱིའི་རྣམ་པར་ལེགས་བཅོས་མངོན་གསལ་འབྱུང་བར་སྐུལ་འདེད་བྱེད་པ་དང་དུས་མཉམ་དུ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་རིམ་བཞིན་འདོན་སྤེལ་བྱས་པས་མཐོ་སྒང་གི་མཛེས་པའི་ཞང་སྡེ་མང་པོ་ཞིག་ཡུལ་སྐོར་གནས་མཆོག་དང་ཁྱད་ལྡན་འདེབས་འཛུགས་ལས་རིགས་གཉེར་བའི་ཞང་སྡེར་གྱུར་ནས་སྡེ་བ་གཅིག་ལ་ཐོན་རྫས་གཅིག་དང་ཞང་གཅིག་ལ་ལས་རིགས་གཅིག་ཡོད་པའི་རོང་འབྲོག་ཁུལ་གྱི་ཐོན་ལས་སྒྲིག་གཞི་གཞི་རྩའི་སྟེང་གྲུབ་པར་བྱས་ཡོད་པ་དང་མཐོ་སྒང་གི་མཛེས་པའི་ཞང་སྡེ་འཛུགས་སྐྲུན་ཐད་འཕེལ་རྒྱས་ཆེན་པོ་བྱུང་།

གོ་རིམ་རྗེས་མར། མཚོ་སྔོན་ཞིང་ཆེན་གྱིས་རོང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་འཐུས་ཚང་དུ་གཏོང་བ་དང་སྤྱི་བའི་ཞབས་ཞུའི་སྒྲིག་ཆས་འཛུགས་སྐྲུན་གཙོ་བོར་འཛིན་པ། མཐོ་སྒང་གི་མཛེས་པའི་ཞང་སྡེ་འཛུགས་སྐྲུན་བྱ་བར་སྐུལ་འདེད་བཏང་ནས་ཞིང་ས་མཛེས་པ་དང་གྲོང་སྡེ་མཛེས་པ། འཚོ་བ་སྐྱིད་པའི་མཐོ་སྒང་གི་མཛེས་པའི་ཞང་སྡེ་སྐོར་ཞིག་འཛུགས་སྐྲུན་བྱེད་པར་འབད་པ་བྱེད་རྒྱུ་རེད།