རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་གླེང་སྟེགས་རྨ་ལྷོ་ཁུལ་དུ་བསྡུས།
2017.08.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

ཟླ7པའི་ཚེས28ཉིན། རིག་གནས་པུའུ་གཟུགས་འདས་ཤུལ་བཞག་རིག་གནས་ཟི་ཡིས་མཛུབ་སྟོན་དང་མཚོ་སྔོན་ཞིང་ཆེན་རིག་གནས་གསར་འགྱུར་དཔེ་སྐྲུན་ཐིན་གྱིས་གཙོ་སྒྲུབ་བྱས་ཤིང་། ཞིང་ཆེན་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལྟེ་གནས་དང་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་རོགས་སྒྲུབ་བྱས་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་གླེང་སྟེགས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་བསྡུས།

རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་གྱིས་ཞིང་ཆེན་ཡོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱ་བའི་ཁྲོད་དུ་གོ་གནས་གལ་ཆེན་ཟིན་ཡོད་པ་དང་། ཤུགས་རྐྱེན་ཆེ་ལ་དོ་སྣང་བྱེད་ཚད་མཐོ་བ་མ་ཟད། གྲུབ་འབྲས་ཀྱང་མངོན་གསལ་ཡིན་པས་རིག་གནས་བྱ་བའི་ཁྲོད་ཀྱི་བཀྲག་མདངས་གསར་བ་ཞིག་ཏུ་གྱུར་ཡོད་པ་རེད། ཞིང་ཆེན་ཡོངས་སུ་ད་ལྟ་རེབ་གོང་རིག་གནས་དང་མགོ་ལོག་གི་གེ་སར་རིག་གནས། ཡུས་ཧྲུའུ་ཡི་བོད་ཀྱི་རིག་གནས་བཅས་རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་གསུམ་ཡོད་པ་དང་། མིག་སྔར་རྒྱལ་ཡོངས་སུ་རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་ཆེས་མང་བའི་ཞིང་ཆེན་རེད། ཅུང་སྔ་དུས་བཙུགས་པའི་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་གྱིས་དོ་དམ་རྐྱེན་སྲོལ་དང་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོབ། མང་ཚོགས་ཀྱི་བརྗོད་བྱ་གཙོ་བོ་མངོན་གསལ་དོད་པ་སོགས་ཕྱོགས་ནས་འཚོལ་ཞིབ་བྱས་པ་དང་། ལས་གཞི་ཕུན་སུམ་ཚོགས་ལ་ཁྱད་ཆོས་མངོན་གསལ་ཡིན་པ། མང་ཚོགས་ལ་ཕན་ཁེ་ཐོབ་པའི་སྐྱེ་ཁམས་ཁུལ་གྱི་དམིགས་འབེན་དུ་སྐྱོད་བཞིན་ཡོད། མགོ་ལོག་གི་གེ་སར་རིག་གནས་དང་ཡུས་ཧྲུའུ་ཡི་བོད་ཀྱི་རིག་གནས་གཉིས་ད་ལྟ་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་གྱི་ཐོག་མའི་དུས་རིམ་ན་ཡོད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་འཛུགས་སྐྲུན་ལ་ཚད་མཐོན་པོའི་མཐོང་ཆེན་བྱེད་བཞིན་ཡོད་ཅིང་། ཞིང་ཆེན་ཡོངས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་དང་སྐྱེ་ཁམས་ཤེས་རིག་འཛུགས་སྐྲུན་བྱ་བའི་ཇུས་གཞི། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཚོད་ལྟའི་གནས་ཀྱི་ཇུས་གཞི་སོགས་ཀྱི་ཁྲོད་བཞག་སྟེ་ཞིང་ཆེན་རིམ་པའི་ངོས་ཐད་ནས་བཀོད་སྒྲིག་དང་རེ་བ་བཏོན་ཡོད་པ་རེད། ཉེ་བའི་ལོ་འདི་དག་གི་རིང་ལ། རིག་གནས་པུའུ་ཡིས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་འཛུགས་སྐྲུན་ཐད་རེ་བ་གསར་བ་མང་པོ་བཏོན་པ་དང་། ཐེངས་འདིའི་གླེང་སྟེགས་བསྒྲུབས་ནས་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་གྱི་ལྟ་བ་གསར་བ་དང་རེ་བ་གསར་བ་མཚོ་སྔོན་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་ཏེ་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཆགས་པར་སྐུལ་འདེད་བཏང་།

གླེང་སྟེགས་སྟེང་རྒྱལ་ཡོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཁྱབ་ཁོངས་ན་ཤུགས་རྐྱེན་ཆེ་བའི་ཞིང་ཆེན་ཕྱི་ནང་གི་མིང་གྲགས་ཅན་གྱི་ཆེད་མཁས་པ་མང་པོ་གདན་དྲངས་ཏེ་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་དང་ས་གནས་རང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས། རིག་གནས་སྐྱེ་ཁམས་སྲུང་སྐྱོབ་དང་སྐྱེ་ཁམས་ཤེས་རིག་འཛུགས་སྐྲུན། རིག་གནས་སྐྱེ་ཁམས་སྲུང་སྐྱོབ་དང་སྲོལ་རྒྱུན་བཟོ་རྩལ་དར་རྒྱས་གོང་འཕེལ། རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་དང་སྒྱུར་བ་བཞིའི་འབྲེལ་བ་སོགས་གྲོས་གཞིའི་ཐད་ནས་བརྗེ་རེས་གཏིང་ཟབ་བྱས་པས། མཚོ་སྔོན་གྱི་རྒྱབ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་གསུམ་གྱི་འཛུགས་སྐྲུན་ལ་ཞིབ་འཇུག་དང་དབྱེ་ཞིབ་བྱས་ནས་མཉམ་དུ་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་གྱི་ནུས་ཡོད་བྱེད་ཐབས་ལ་དཔྱད་བསྡུར་བྱས།