ཉེ་བའི་ལོ་འགའི་རིང་ལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་གིས་རང་ས་གནས་ཀྱི་ཞིང་ཕྱུགས་ལས་ཐོན་ལས་འཕེལ་རྒྱས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་དམ་པོ་བྱེད་པ་དང་། སྲིད་གཞུང་གི་སྣེ་ཁྲིད་ནུས་པ་དང་སྣེ་ཁྲིད་ཁེ་ལས་ཀྱི་ཁྲིད་སྟོན་ནུས་པ། ཤེས་ལྡན་མི་སྣས་དབུལ་ཐར་ཕྱུག་སྒྱུར་ལ་སྣེ་ཁྲིད་བྱེད་པ་སོགས་ཀྱི་རིགས་སོ་སོའི་བྱེད་ཐབས་ཇེ་དྲག་ཏུ་བཏང་ནས་རྫོང་ཡོངས་ཀྱི་སྲིད་འཛིན་སྡེ་བ་དྲུག་ཅུའི་ནང་ངལ་རྩོལ་ནུས་ཤུགས་ཡོད་པའི་མི་སྣ་སྟོང་དྲུག་སུམ་བརྒྱ་དང་གཉིས་བདམས་པ་དང་ཁྱིམ་ཚང་དུ་སྐྱོད་པའི་ཐོན་ལས་དབུལ་སྐྱོར་ལས་གཞི་ལག་བསྟར་བྱས་ལ། ལས་གཞིའི་ཐད་མ་དངུལ་བཏང་ཚད་བསྡོམས་པས་སྒོར་བྱེ་བ་བཞི་དང་འབུམ་གསུམ་ཁྲི་གསུམ་སྟོང་གཉིས་བརྒྱད་བརྒྱར་སླེབས་པ་དང་མི་རེར་ཆ་སྙོམས་ཀྱིས་སྒོར་སྟོང་དྲུག་དང་བཞི་བརྒྱའི་ཕན་ཁེ་ཐོབ།
ཀོས་ནན་རྫོང་གིས་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་ལས་གཞི་དེ་ཡོང་སྒོ་སྤར་ཏེ་དབུལ་ཐར་བྱེད་པའི་ལག་རྩལ་དང་དབུལ་ཐར་ཕྱུག་སྒྱུར་གྱི་ནུས་པ་གསོ་སྐྱོང་བྱེད་པའི་གཞི་རྩ་རུ་བྱས་པ་དང་དབུལ་ཕོངས་ཁྱིམ་ཚང་ལ་ངལ་རྩོལ་ནུས་ཤུགས་ཡོད་མེད་ཀྱི་དངོས་ཡོད་གནས་ཚུལ་དང་ཡོང་འབབ་ཆ་རྐྱེན་གཞིར་བཟུང་ནས་སྡེ་བ་དང་ཁྱིམ་ཚང་རེར་འཚམ་པའི་སྲིད་ཇུས་ལག་བསྟར་བྱས། ཐོན་ལས་དབུལ་སྐྱོར་ལས་གཞི་བདེ་བླག་ངང་ལག་བསྟར་བྱས་པ་དེས་དབུལ་ཕོངས་ཁྱིམ་ཚང་གི་ཡོང་སྒོ་ཇེ་མང་དུ་གཏོང་ཐུབ་པ་དང་འཚོ་བའི་བྱེད་ཐབས་བསྒྱུར་ཐུབ་པ་མ་ཟད་ནུས་ཡོད་སྒོས་དབུལ་ཕོངས་ཁྱིམ་ཚང་གི་ཡོང་སྒོ་སྤར་ཏེ་དབུལ་ཐར་བྱེད་པའི་ནང་གནས་སྒུལ་ཤུགས་སྐུལ་སློང་བྱེད་ཐུབ།