ཉེ་ལམ། སྡོད་ཁང་མཁར་གྲོང་འཛུགས་སྐྲུན་པུའུ་ཡི་དྲ་ཚིགས་སྟེང་རྒྱལ་ཡོངས་ཀྱི་སྐོར་གཉིས་པའི་ཁྱད་ལྡན་གྲོང་རྡལ་ཆུང་བའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། དེའི་ནང་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྱི་ཀོན་ཐིན་གྲོང་རྡལ་སོགས་གྲོང་རྡལ་བཞི་རྒྱལ་ཡོངས་ཀྱི་སྐོར་གཉིས་པའི་ཁྱད་ལྡན་གྲོང་རྡལ་ཆུང་བའི་མིང་ཐོའི་ཁྲོད་ཚུད་ཡོད།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ཁྱད་ལྡན་གྲོང་རྡལ་ཆུང་བའི་མིང་ཐོའི་ཁྲོད་ཚུད་པའི་གྲོང་རྡལ་ནི་སོ་སོར་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་གྱི་ཁུ་ལུའུ་ཁུ་གྲོང་རྡལ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཚ་རྔ་འགག་གྲོང་རྡལ། ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་ཉི་ཟླ་ཞང་། མཚོ་ཤར་གྲོང་ཁྱེར་མིན་ཧོ་རྫོང་ཀོན་ཐིན་གྲོང་རྡལ་བཅས་ཡིན། རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་གྱིས་ཁྱོན་ཡོངས་ནས་ཁྱད་ལྡན་གྲོང་རྡལ་ཆུང་བ་འཛུགས་སྐྲུན་བྱེད་པ་དེ་གནད་འགག་ཏུ་བརྩིས་པ་དང་ཤུགས་ཆེན་པོས་ཁྱད་ལྡན་གྲོང་རྡལ་དང་གྲོང་རྡལ་གཙོ་བོ་འཕེལ་རྒྱས་བཏང་ནས་གསོན་ཤུགས་ལྡན་ཞིང་ཡིད་དབང་འཕྲོག་པའི་ཁྱད་ལྡན་གྲོང་རྡལ་སྐོར་ཞིག་འཛུགས་སྐྲུན་བྱས་པ་དང་། སྤྱིར་བཏང་གི་གྲོང་རྡལ་ཆུང་བ་སྐོར་ཞིག་ལེགས་བཅོས་བྱས་པས་གྲོང་རྡལ་ཆུང་བ་མང་ཆེ་བ་ཞིག་གཞི་རྩའི་བྱེད་ནུས་ལྡན་པའི་ཐོན་སྐྱེད་འཚོ་བའི་ཞབས་ཞུའི་ལྟེ་གནས་སུ་གྱུར་ཡོད། གོ་རིམ་རྗེས་མར། མཚོ་སྔོན་ཞིང་ཆེན་གྱིས་ཧུར་ཐག་གིས་གྲོང་རྡལ་ཆུང་བ་རུ་བཅའ་སྡོད་བྱེད་པའི་མི་གྲངས་ཇེ་མང་དུ་གཏོང་བ་དང་གྲོང་རྡལ་གྱི་རྣམ་པ་ལེགས་བཅོས་བྱས་ནས་རྒྱལ་ཡོངས་ཀྱི་ཁྱད་ལྡན་གྲོང་རྡལ་ཆུང་བའི་ནང་ཚུད་པའི་གྲོང་རྡལ་དག་སྐས་རིམ་གསར་བ་ཞིག་ཏུ་བསྐྱོད་པར་སྐུལ་འདེད་གཏོང་རྒྱུ་རེད།