ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་རྨ་ཆུར་འཕྲེད་དུ་རྐྱལ་བའི་འགྲན་སྡུར་སྐབས་བཅུ་གསུམ་པ་ཟླ་བརྒྱད་པའི་ཚེས་བཞི་ཉིན་ནས་ཚེས་དྲུག་ཉིན་བར་ཞོན་ཧྭ་ནས་སྤེལ་རྒྱུ་རེད།
2017.08.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

ཉེ་སྔོན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་རྨ་ཆུར་འཕྲེད་དུ་རྐྱལ་བའི་འགྲན་སྡུར་སྐབས་བཅུ་གསུམ་པ་ཟླ་བརྒྱད་པའི་ཚེས་བཞི་ཉིན་ནས་ཚེས་དྲུག་ཉིན་བར་མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་ནས་སྤེལ་རྒྱུ་རེད། སྐབས་དེར་དབྱིན་ཇི་དང་ཨ་མེ་རི་ཁ། སི་ལོ་ཧྥ་ཁི། འཁྱག་གླིང་། ཁ་ན་ཏ། འཇར་མན། ཨུ་རུ་སི། ཀྲུང་གོ་སོགས་རྒྱལ་ཁབ་དང་ས་ཁུལ་བཅུ་དྲུག་གི་ཆེད་ལས་ལུས་རྩལ་པ་ཉིས་བརྒྱ་ལྷག་རྨ་ཆུའི་འགྲམ་དུ་འཛོམས་ནས་འགྲན་སྡུར་བྱེད་རྒྱུ་རེད།

རྨ་ཆུར་འཕྲེད་དུ་རྐྱལ་བའི་འགྲན་སྡུར་དེས་རྒྱལ་སྤྱིའི་ཆུ་ཚད་ཡོད་པའི་མཐོ་སྒང་ཁྱད་ཆོས་ཀྱི་ཆུ་ཁོངས་འགྲན་སྡུར་གྲགས་ཅན་སྐྲུན་ནས། མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཁྱད་སྟོབས་དང་རྨང་མཐུག་ཅིང་འོད་སྟོང་འབར་བའི་མི་རིགས་ཀྱི་རིག་གནས་ཡོངས་སུ་ངོམས་ནས། མི་རྣམས་ཀྱི་མ་ཡུམ་ཆུ་བོར་གཅེས་སྤྲས་བྱེད་པ་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སེམས་ཁུར་བྱེད་པ། ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། བདེ་ཐང་ཡ་རབས་ཀྱི་འཚོ་བའི་འདུ་ཤེས་དར་སྤེལ་བྱས་ཏེ། མང་ཚོགས་སྔར་ལས་མང་པོ་དམངས་ཡོངས་ཀྱི་ལུས་སྦྱོང་དཔུང་སྡེའི་ཁྲོད་ཞུགས་པར་སྐུལ་སློང་བྱེད་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་རྨ་ཆུར་འཕྲེད་དུ་རྐྱལ་བའི་འགྲན་སྡུར་ལ་ས་བབ་མཐོ་བ་དང་ཆུ་འཁྱག་པ། ཆུ་བཞུར་ཚད་དྲག་པ། དབྱང་དབུགས་དཀོན་པ་བཅས་ཀྱི་ཁྱད་ཆོས་ལྡན་ལ། འགྲན་སྡུར་ཆུ་ཁོངས་ཀྱི་ཆུ་སྤུས་རྒྱལ་ཁབ་རིམ་པ་དང་པོར་སླེབས་ཡོད་པས། ཆུ་བཀོལ་བའི་དགོས་མཁོ་སྣ་ཚོགས་བསྐོང་ཐུབ། ཐུན་མོང་མ་ཡིན་པའི་ས་ཁམས་ཁོར་ཡུག་དང་ཆུའི་ཐོན་ཁུངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཆུ་ཁོངས་དང་དགུན་རྐྱལ་ལ་དགའ་བའི་ལུས་རྩལ་པ་དང་རྒྱལ་སྤྱིའི་ལུས་རྩལ་པ་མང་པོ་འགུག་བཞིན་ཡོད་ལ། རྒྱལ་སྤྱིའི་ཆུ་རྐྱལ་མཉམ་འབྲེལ་ལྷན་ཚོགས་ལ་ཡོངས་ཁྱབ་ཆུ་ཁོངས་སུ་འགྲན་སྡུར་མེད་པའི་སྟོང་ཆ་བསྐངས་ཡོད།