དབུལ་ཕོངས་ལིང་ཏོག་ནད་པ་སྟོང་ཕྲག་གིས་འོད་སྣང་མཐོང་ཐུབ་པར་གྱུར།
2017.08.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 7

 ཟླ8པའི་ཚེས་2ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་ཟླ5བའི་ཚེས་9ཉིན་བདེ་ཐང་མགྱོགས་འཁོར་དེ་ཐེངས་དགུ་བར་མཚོ་སྔོན་ཞིང་ཆེན་ལ་ཐོན་ནས་སྨན་བཅོས་ཆེད་མཁས་པའི་ནད་བཅོས་འོག་ཟླ་8པའི་ཚེས་2ཉིན་བར་ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་ལིང་ཏོག་ནད་པ་སྟོང་གཅིག་དང་བརྒྱ་དང་གྱ་གསུམ་ལ་འོད་སྣང་མཐོང་ཐུབ་པར་བྱས།

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་ནི་མཚོ་བོད་མཐོ་སྒང་ན་གནས་ཡོད་པ་དང་། ས་བབ་མཐོ་ཞིང་གྲང་ལ་དབྱང་དབུགས་དཀོན་པ། སྨུག་ཕྱིའི་འོད་ཆེ་བས་ལིང་ཏོག་གི་ནད་འབྱུང་ཚད་ཅུང་མཐོ་ལ། ལོང་བ་མང་པོ་ཞིག་དཀའ་ཁག་གི་གནས་སུ་ལྷུང་ནས་སྨན་བཅོས་འགྲོ་གྲོན་འཁུར་བའི་ནུས་པ་མེད་ཅིང་འཚོ་བ་ཧ་ཅང་དཀའ་ཁག་ཆེ་བ་རེད། ལིང་ཏོག་གི་ནད་བྱུང་ཡོད་པའི་ནད་པ་རྣམས་ཀྱིས་འོད་སྣང་མཐོང་ཐུབ་པ་དང་དབུལ་ཐར་བྱེད་ཆེད། བདེ་ཐང་མགྱོགས་འཁོར་གྱིས་ཞང་ཀང་གི་སྤུན་ཟླ་མང་པོས་མཚོ་སྔོན་གྱི་དབུལ་ཕོངས་ས་ཁུལ་གྱི་རིགས་སོ་སོའི་མང་ཚོགས་ལ་བཅིངས་པའི་བརྩེ་བ་ཟབ་མོ་དེ་བསྣམས་ནས་སྔ་གཞུག་ཏུ་ཐེངས་བརྒྱད་ལ་མཚོ་སྔོན་ལ་ཡོང་སྟེ་དབུལ་སྐྱོར་སྨན་བཅོས་བྱ་བ་སྤེལ་ཞིང་མཚོ་སྔོན་གྱི་རིག་སོ་སོའི་མང་ཚོགས་ཀྱི་དགའ་བསུ་ཚད་མེད་ཐོབ། མཚོ་སྔོན་ཞིང་ཆེན་གྱིས་རེ་ཞུ་བྱས་པས་བདེ་ཐང་མགྱོགས་འཁོར་གྱིས་ཐེངས་དགུ་ལ་མཚོ་སྔོན་ཞིང་ཆེན་དུ་ཡོང་ནས་དབུལ་སྐྱོར་སྨན་བཅོས་བྱས། མིག་སྔའི་བར་དུ། བདེ་ཐང་མགྱོགས་འཁོར་གྱིས་བསྡོམས་པས་རིན་མེད་སྒོས་མཚོ་སྔོན་ཞིང་ཆེན་གྱི་དབུལ་ཕོངས་ལིང་ཏོག་ནད་པ་ཁྲི་ལྷག་ལ་གཤགས་བཅོས་བྱས་པ་དང་། དེའི་ནང་། ད་ལོར་བདེ་ཐང་མགྱོགས་འཁོར་གྱི་རླངས་འཁོར་དཔོན་པོ་ཝན་ཞང་དང་ད་ཐེངས་ཀྱི་འགན་ཁུར་བ་སྟེ་ཧྲན་ཏུང་ཧྥོ་ཧྲན་སྨན་ཁང་གི་སྨན་བཅོས་ཆེད་མཁས་པ་རྣམས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་ལིང་ཏོག་ནད་པ་རྣམས་ལ་གྲུབ་འབྲས་གཟེངས་སུ་ཐོན་པའི་བྱ་བ་མང་པོ་བསྒྲུབས་ཤིང་། ད་ལོར་མཚོ་སྔོན་ཞིང་ཆེན་དུ་ལིང་ཏོག་གཤགས་བཅོས་སྟོང་གཅིག་བྱེད་པའི་འཆར་གཞི་ཡིན་མོད། ཟླ་8པའི་ཚེས་2ཉིན་བར་ལིང་ཏོག་ནད་པ་སྟོང་གཅིག་དང་བརྒྱ་དང་གྱ་གསུམ་ལ་གཤགས་བཅོས་བྱས་པས་སྔོན་གྱི་འཆར་གཞི་ལས་བརྒལ་བ་རེད།