གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ན་ནིང་གི་ཚུན་ལ། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་མང་ཚོགས་ཚོགས་པའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་གཟབ་ནན་གྱིས་ལག་ལེན་མཐར་ཕྱིན་བྱས་པ་དང་བློ་གཅིག་སེམས་གཅིག་གིས་ལས་བཟོ་བ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བ་དེ་བཟོ་ཚོགས་ཀྱི་བྱ་བ་ཡོད་ཚད་ཀྱི་མགོ་རྩོམ་ས་དང་རྐང་འཛུགས་སར་བྱས་ཏེ་ལས་བཟོ་བའི་སྨན་བཅོས་རོགས་རེས་འགན་སྲུང་འཆར་གཞི་དང་ལས་བཟོ་བའི་ནད་རིགས་ཚབས་ཆེན་གྱི་སྨན་བཅོས་རོགས་སྐྱོབ་བྱ་བ་ལག་བསྟར་གཏིང་ཟབ་བྱས་པ་དང་ཏང་ཨུ་དང་སྲིད་གཞུང་ལ་རོགས་སྐྱོར་བྱས་ཏེ་ལས་བཟོ་བ་དང་མང་ཚོགས་ཀྱིས་ནད་སྟོན་དཀའ་བ་དང་སྨན་རིན་དཀའ་བ། ནད་ཀྱི་དབང་གིས་དབུལ་བོར་འགྱུར་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ་གྲུབ་འབྲས་ངེས་ཅན་བླངས།
སྡོམ་རྩིས་བྱས་པ་ལྟར་ན། ན་ནིང་གི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་ལས་བཟོ་བའི་སྨན་བཅོས་རོགས་རེས་འགན་སྲུང་འཆར་གཞིའི་དུས་སྐབས་དང་པོའི་བྱ་འགུལ་སྐབས་སུ་བསྡོམས་པས་ལས་བཟོ་བ་དང་མང་ཚོགས་སྟོང་ལྔ་དང་བཞི་བརྒྱ་རེ་དགུའི་སྨན་རིན་ས་ཡ་ལྔ་དང་འབུམ་གཉིས་ཁྲི་གཅིག་སྟོང་དགུ་དགུ་བརྒྱའི་འགྲོ་སོང་རྩིས་ཞུ་བྱས་པ་དང་། མི་རེར་ཆ་སྙོམས་ཀྱིས་སྒོར་ས་ཡ་དགུ་དང་འབུམ་ལྔ་ཁྲི་བཞི་སྟོང་བཞི་དྲུག་བརྒྱའི་འགྲོ་སོང་རྩིས་ཞུ་བྱས་ཏེ་ནུས་ཡོད་སྒོས་ལས་བཟོ་བ་དང་མང་ཚོགས་ཀྱི་ནད་སྟོན་དཀའ་བ་དང་སྨན་རིན་དཀའ་བའི་གནད་དོན་ཐག་གཅོད་བྱས། དེ་དང་མཉམ་དུ། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་གཞི་རྩའི་སྨན་བཅོས་འགན་སྲུང་དང་ནད་རིགས་ཚབས་ཆེན་གྱི་སྨན་བཅོས་འགན་སྲུང་། སྲིད་གཞུང་གི་སྨན་བཅོས་རོགས་སྐྱོབ་སོགས་ཀྱི་འགྲོ་སོང་རྩིས་ཞུ་དང་རོགས་སྐྱོབ་སྲིད་ཇུས་ལོངས་སྤྱོད་བྱས་རྗེས། རང་གིས་སྟེར་དགོས་པའི་སྨན་རིན་སྒོར་ཁྲི་ལྔ་ལས་བརྒལ་བའི་ལས་བཟོ་བར་བརྒྱ་ཆའི་སུམ་ཅུ་ནས་བརྒྱ་ཆའི་བཞི་བཅུའི་རོགས་སྐྱོར་བྱས་ཏེ་རྒྱ་ཆེའི་ལས་བཟོ་བར་ཏང་དང་སྲིད་གཞུང་། བཟོ་ཚོགས་རྩ་འཛུགས་ཀྱི་ཐུགས་ཁུར་དང་བརྩེ་སེམས་མྱོང་དུ་བཅུག
མིག་སྔར། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་སྨན་བཅོས་བཅོས་སྒྱུར་སྲིད་ཇུས་དང་བྱེད་ཐབས། ལས་བཟོ་བའི་སྨན་བཅོས་འགན་སྲུང་གི་འབྲེལ་ཡོད་གཞི་གྲངས་དང་ལས་བཟོ་བ་དང་མང་ཚོགས་ཀྱི་དངོས་ཡོད་གནད་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་གཏིང་ཟབ་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་ལས་བཟོ་བའི་སྨན་བཅོས་རོགས་རེས་འགན་སྲུང་དང་སྨན་བཅོས་རོགས་སྐྱོབ་ཞབས་ཞུའི་ཁེབས་ཚད་རྒྱ་བསྐྱེད་པ། ཏང་དང་སྲིད་གཞུང་ལ་རོགས་འདེགས་བྱས་ཏེ་ལས་བཟོ་བ་དང་མང་ཚོགས་ཀྱི་ནད་ཚབས་ཆེན་དང་གློ་བུར་བའི་དོན་རྐྱེན་སོགས་ཀྱི་འགན་སྲུང་གནད་དོན་ཐག་གཅོད་བྱས་ཏེ་དོན་དངོས་དང་མཐུན་པའི་སྒོ་ནས་མི་དམངས་མང་ཚོགས་ལ་ཞབས་འདེགས་བཟང་བོ་ཞུ་རྒྱུ་རེད།