པད་མའི་དམར་དམག་ལུང་བའི་རྗེས་དྲན་ཁང་ཟླ་བརྒྱད་པའི་ཚེས་གཅིག་ཉིན་དངོས་སུ་སྒོ་ཕྱེས།
2017.08.03 ཁུངས། ཀློག་གྲངས། 2

ཟླ་བརྒྱད་པའི་ཚེས་གཅིག་ཉིན། པད་མ་རྫོང་གིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་འཁོར་དགུ་བཅུ་ལོན་པར་རྟེན་འབྲེལ་ཞུ་བ་དང་། པད་མའི་དམར་དམག་ལུང་བའི་རྗེས་དྲན་ཁང་སྒོ་འབྱེད་པའི་མཛད་སྒོ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་དམར་དམག་ལུང་བ་ནས་བསྡུས། པད་མ་རྫོང་གི་དམར་དམག་ལུང་བའི་གསར་བརྗེའི་ཤུལ་བཞག་ནི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་གཅེས་རིང་ལུགས་སློབ་གསོ་དཔེ་སྟོན་རྟེན་གཞི་ལྔ་བ་དང་། དམར་དམག་རྒྱང་སྐྱོད་བྱེད་པ་ནང་དོན་གཙོ་བོ་ཡིན་པའི་རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་སློབ་གསོ་དཔེ་སྟོན་རྟེན་གཞི་ཁོ་ན་ཡང་ཡིན། ཉེ་བའི་ལོ་འགའི་རིང་ལ། པད་མ་རྫོང་གིས་སྔ་གཞུག་ཏུ་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་གསུམ་འབུམ་ལྔ་བཏང་སྟེ་དམར་དམག་ལུང་བའི་རྗེས་དྲན་ཁང་སོགས་གསར་བརྗེ་གནས་གཞིའི་གནས་སྐོར་སྐོར་ཞིག་གི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱས།

པད་མའི་དམར་དམག་ལུང་བའི་རྗེས་དྲན་ཁང་དེ་པད་མ་རྫོང་མཁར་གྱི་ལྷོ་ཕྱོགས་ཀྱི་སྤྱི་ལེ་སོ་དགུ་སར་ཡོད། 2015ལོའི་ཟླ་བདུན་པར་འཛུགས་སྐྲུན་བྱེད་མགོ་བརྩམས་པ་དང་། བསྡོམས་པས་མ་དངུལ་སྒོར་ས་ཡ་གསུམ་དང་འབུམ་ལྔ་བཏང་ཡོད་ལ། སྤྱིའི་རྒྱ་ཁྱོན་སྨིས་གྲུ་བཞི་མ་དྲུག་བརྒྱ་དང་ཉི་ཤུར་བསླེབས།

པད་མ་རྫོང་ཏང་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་བཤད་རྒྱུར། དེ་རིང་ཀྲུང་དབྱང་དྲིལ་སྒྲོག་པུའུ་སོགས་རྒྱལ་ཁབ་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་གིས་པད་མ་རྫོང་ལ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དཔེ་སྟོན་རྟེན་གཞི་དང་རྒྱལ་ཡོངས་གསར་བརྗེའི་གནས་སྐོར་ཡུལ་ལྗོངས་གྲགས་ཅན་གྱི་མཚན་སྙན་གནང་བ་ནི་པད་མའི་བྱ་བར་ཁས་ལེན་བྱས་པ་ཡིན་ལ། པད་མའི་ལས་བྱེད་པ་དང་མང་ཚོགས་ལ་སྐུལ་མ་བཏང་བའང་ཡིན། ཕྱིན་ཆད་པད་མས་སྔར་ལྟར་མཚོ་སྔོན་བོད་ཁུལ་གྱི་ཁྱད་ཆོས་ལྡན་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན་བཟང་བོ་བྱེད་རྒྱུ་ཡིན་ཟེར།