ཟླ8པའི་ཚེས1ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་ནས་རྒྱུས་ལོན་པ་ལྟར་ན། འོས་འགན་སློབ་གསོའི་དུས་རིམ་དུ་སློབ་བྱོལ་བྱེད་པ་སོགས་ཀྱི་འབུར་ཐོན་གནད་དོན་ལ་དམིགས་ནས། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱིས་ཟླ་བརྒྱད་པ་ནས་བཟུང་ཞིང་ཆེན་ཡོངས་སུ་ཟླ་ངོ་གསུམ་རིང་གི་སློབ་གསོའི་དབུལ་ཐར་གྱི་ཉིན་བརྒྱའི་མཁྲེགས་གཏོར་བྱ་བ་སྤེལ་ཏེ། འོས་འགན་སློབ་གསོའི་དུས་རིམ་དུ་སློབ་བྱོལ་བྱེད་པ་གཏན་འགོག་དང་སློབ་སྔོན་སློབ་གསོ་དང་མཐོ་འབྲིང་དུས་རིམ་གྱི་སློབ་གསོའི་ཐོན་ཁུངས་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ་སློབ་གསོའི་ཁྱབ་གདལ་ཆུ་ཚད་མཐོར་འདེགས་སུ་བཏང་།
མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱིས་སློབ་གསོའི་དབུལ་སྐྱོར་རྨང་གཞིའི་གཞི་གྲངས་སྟེགས་བུ་བརྒྱུད་ནས་དུས་རིམ་སོ་སོའི་སློབ་གྲྭར་མ་ཞུགས་པ་དང་སློབ་བྱོལ་བྱས་པ། རོགས་སྐྱོབ་སྲིད་ཇུས་ལོངས་སུ་སྤྱོད་མ་ཐུབ་པ་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་ལ་ཁྱོན་ཡོངས་ནས་མཐིལ་རྟོགས་གྲལ་བཤེར་བྱས་པ་དང་། ཆེད་དོན་བྱ་བའི་ཇུས་གཞི་གཏན་འབེབས་བྱས་ཏེ་སློབ་གྲྭར་མ་ཞུགས་པའི་སློབ་མར་སློབ་སྦྱོང་བྱེད་རྒྱུར་སྐུལ་མ་གཏོང་བ་དང་། ལོ་ཚོད་རན་པའི་བྱིས་པ་ཚང་མ་སློབ་གྲྭར་ཞུགས་པར་སྐུལ་འདེད་བཏང་། སྟོན་དུས་ཀྱི་སློབ་འགོ་བརྩམས་པའི་གནས་ཚུལ་ལ་གཞིགས་ནས། ལོ་དགུའི་འོས་འགན་སློབ་གསོའི་བརྟན་འཇགས་ཀྱི་ཚད་དང་དམའ་འབྲིང་གི་མཐར་ཕྱིན་སློབ་མའི་སློབ་རིམ་འཕར་ཚད་སོགས་སློབ་གསོ་འཕེལ་རྒྱས་དམིགས་ཚད་ཐད་ནས་ཚད་ལེན་རྩིས་ཞིབ་བྱས་པ་དང་། སློབ་གསོའི་དབུལ་ཐར་བྱ་བའི་ཡིག་ཚགས་དང་ཡིག་ཆ་འཐུས་ཚང་དུ་བཏང་བ་དང་། ཁྱད་པར་དུ་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་གྲྭ་ན་ཡོད་པའི་སློབ་མ་དང་དམའ་འབྲིང་གི་མཐར་ཕྱིན་སློབ་མའི་ཡིག་ཚགས་རྗེས་འདེད་ཁྱོན་ཡོངས་ནས་འཐུས་ཚང་དུ་བཏང་། སློབ་གསོའི་དབུལ་ཐར་བྱ་བ་སྤེལ་ཏེ་མི་འདང་ས་ཁ་གསབ་དང་ཁྱོན་ཡོངས་ནས་སློབ་བྱོལ་བྱེད་པ་གཏན་འགོག་དང་སློབ་མར་རོགས་སྐྱོར། ལས་རིགས་ལག་རྩལ་གསོ་སྦྱོང་སོགས་ཀྱི་བྱ་བའི་ཡིག་ཚགས་དང་ཡིག་ཆ་ལེགས་སྒྲིག་བྱེད་པ་དང་། འོས་འགན་སློབ་གསོའི་དུས་རིམ་དུ་སློབ་བྱོལ་བྱེད་པ་གཏན་འགོག་དང་དམའ་འབྲིང་གི་མཐར་ཕྱིན་སློབ་མའི་སློབ་རིམ་འཕར་བ། རོགས་སྐྱོབ་སྲིད་ཇུས་དྲིལ་སྒྲོག་དང་ལག་བསྟར་དངོས་འབེབས་བྱ་བ་སྲ་སྒྱུར་བྱས་ནས་སློབ་གསོའི་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཟླ་རེ་རེའི་སྙན་ཞུའི་ལམ་ལུགས་བཙུགས།