མཚོ་ལྷོ་ཁུལ་གྱི་རྒྱལ་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟ་ཁུལ་འཛུགས་སྐྲུན་ལ་ཐོག་མའི་ཕན་འབྲས་ཐོབ།
2017.08.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 3

2015ལོར་རྒྱལ་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟ་ཁུལ་འཛུགས་སྐྲུན་ལག་བསྟར་བྱས་པའི་ཚུན་ལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཞིན་ཧེ་དང་གུང་ཧོ་རྫོང་གཉིས་ཚོད་ལྟའི་ཁུལ་འཛུགས་སྐྲུན་གྱི་གཙོ་གནད་རྫོང་དུ་གཏན་འཁེལ་བྱས་པ་དང་། འབྲོག་ཁུལ་གྱི་འཐུས་ཚབ་རང་བཞིན་ལྡན་པའི་ཞིང་ཆེན་རིམ་པའི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟ་ཁུལ་འཛུགས་སྐྲུན་གྱི་ཚོད་ལྟའི་ཁུལ་བཅུ་གཉིས་དང་ཁུལ་རིམ་པའི་ཚོད་ལྟའི་ཁུལ་བཅུ་བདམས་པ་རེད།

ཚོད་ལྟའི་ཁུལ་དེ་དག་གིས་མ་རྐང་མཉམ་ལས་ལམ་ལུགས་ལྟར་བཅོས་སྒྱུར་བྱེད་པ་ལས་འགན་གཙོ་བོར་བཞག་སྟེ། ཁྱོན་ཡོངས་ནས་རྩྭ་ར་ལེགས་སྒྲིག་དང་རྨོ་ཞིང་། ཕྱུགས་ཟོག ཞིང་ལས་འཕྲུལ་ཆས་སོགས་ཐོན་སྐྱེད་རྒྱུ་ཆ་དངུལ་དུ་ཕབ་ནས་མ་རྐང་དུ་འཇོག་པ་དང་། གཅིག་བསྡུས་ཀྱིས་ཞིང་ལས་དང་འབྲེལ་བའི་མ་དངུལ་མ་རྐང་དུ་འཇོག་པ། ཁྱོན་ཡོངས་ནས་ཚོད་ལྟའི་ཁུལ་གྱི་འཛུགས་སྐྲུན་བརྒྱུད་རིམ་ལ་སྐུལ་འདེད་གཏོང་བ། རིམ་བཞིན་རྩྭ་ལ་བརྟེན་ནས་ཕྱུགས་རིགས་གསོ་བའི་རྣམ་པ་དང་ཐོན་སྐྱེད་དང་ལས་རིགས་བསྒྱུར་བའི་རྣམ་པ། རིགས་མང་པོ་གཉེར་བའི་རྣམ་པ། རྟེན་གཞིའི་ཁྱབ་འགྱེད་ཅན་གྱི་རྣམ་པ། འཇོན་ཐང་མི་སྣས་སྐུལ་ཁྲིད་བྱེད་པའི་རྣམ་པ། རྩྭ་བཀག་ཕྱུགས་རིགས་ཉུང་གཏོང་གི་རྣམ་པ། ཁེ་ལས་ཀྱིས་སྐུལ་ཁྲིད་བྱེད་པའི་རྣམ་པ། ཐོན་ལས་གསུམ་པས་གཙོ་ཁྲིད་བྱེད་པའི་རྣམ་པ་སོགས་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་གྱི་རྣམ་པ་གསར་བ་འཚོལ་ཞིབ་བྱས།

མིག་སྔའི་བར་དུ། ཞིང་ཆེན་རིམ་པའི་ཚོད་ལྟའི་ཁུལ་བཅུ་གཉིས་ལ་མཉམ་ལས་ཁང་དུ་ཞུགས་པའི་ཁྱིམ་ཚང་སྟོང་གཅིག་དང་ལྔ་བརྒྱ་གྱ་བདུན་དང་མི་གྲངས་སྟོང་ལྔ་དང་སུམ་བརྒྱ་བདུན་ཅུ་ལྷག་ཡོད་ལ། མ་རྐང་དུ་བཞག་པའི་རྩྭ་ར་དང་རྨོ་ཞིང་སོ་སོར་སྤྱི་ཆིང་ཁྲི་བརྒྱད་དང་སྟོང་གཉིས་བཞི་བརྒྱ་དང་རྐང་དངུལ་སྒོར་ཁྲི་བདུན་དང་སྟོང་བརྒྱད་ཡོད་ཅིང་། བསྡོམས་པས་ཁེ་སྤོགས་སྒོར་ས་ཡ་གཅིག་དང་འབུམ་དགུ་ཁྲི་གསུམ་བགོས་ནས་ཁྱིམ་ཚང་ཉིས་བརྒྱ་ང་དྲུག་ལ་ཕན་ཁེ་ཐོབ་པ་དང་། ཁྱིམ་ཚང་རེར་ཆ་སྙོམས་ཀྱིས་སྒོར་སྟོང་བདུན་དང་ལྔ་བརྒྱ་བཞི་བཅུ་བགོས། ཁུལ་རིམ་པའི་ཚོད་ལྟའི་ཁུལ་བཅུ་ཡི་ཁྱིམ་ཚང་ཉིས་བརྒྱ་གྱ་ལྔའི་མི་གྲངས་བདུན་བརྒྱ་དྲུག་ཅུ་ལྷག་ལ་མ་རྐང་དུ་བཞག་པའི་རྩྭ་ར་སྤྱི་ཆིང་ཁྲི་དྲུག་དང་སྟོང་བརྒྱད་དགུ་བརྒྱ་སོ་གསུམ་དང་རྐང་དངུལ་སྒོར་ཁྲི་གསུམ་དང་སྟོང་དྲུག་ཡོད།