མུ་ཏིག་ཚྭ་ཆུ་སྲུང་སྐྱོབ་ས་ཚིགས་ཀྱི་མཐོ་ཚད་ལ་མཚོ་ངོས་ལས་སྨི4520ཡོད་ཅིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ11000ཡོད། ནགས་ཀྱི་ཁེབས་ཚད་ལ་མུའུ་ཁྲི8.64ཡོད་ལ། ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་བྱང་རྒྱུད་ཁུ་ནུ་རི་བོའི་ཉག་ཁའི་ལྷོ་རྒྱུད་ན་གནས་ཡོད་པས། སྲུང་སྐྱོབ་ཁུལ་གྱི་བྱང་སྒོ་ལྟ་བུ་ཡིན་ཞིང་ས་ཁམས་གནས་ཡུལ་ཧ་ཅང་གལ་ཆེན་ཡིན། སྲུང་སྐྱོབ་ས་ཚིགས་འདིས"རྐུན་གཉིས"ཀྱི་ཐལ་སྤྱོད་ལ་བཀག་འགོག་བྱེད་པའི་ལས་འགན་སྒྲུབ་པའི་ཕན་ཆད་ནས་གཙོད་དང་རྐྱང་། འབྲོང་སོགས་རི་སྐྱེས་སྲོག་ཆགས་དང་ཕུན་སུམ་ཚོགས་པའི་གཏེར་ཁའི་ཐོན་ཁུངས་ལ་སྲུང་སྐྱོབ་བྱ་རྒྱུར་འགན་ཁུར་གྱི་ཡོད་ལ། ཉིན་རྒྱུན་གྱི་སྐོར་སྲུང་དང་སྐོར་ཞིབ་བྱ་བ་ལའང་འགན་ཁུར་གྱི་ཡོད། ས་ཚིགས་འདིའི་བདག་གཉེར་གྱི་ཁྱབ་ཁོངས་ནི་སྲུང་སྐྱོབ་ཁུལ་གྱི་བྱང་རྒྱུད་ཁུ་ནུ་རི་རྒྱུད་ཀྱི་ལྷོ་ངོས་ཉི་མ་མཚེའུ་དང་ཁུའུ་སའེ་མཚེའུའི་རྒྱུད་ཡིན་ཞིང་། གནས་འདིའི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཀྱི་ཐོན་ཁུངས་སོགས་ལ་བདག་གཉེར་དོ་དམ་བྱེད་ཀྱི་ཡོད་པ་དང་། དེ་དང་མཉམ་དུ་སྤྱི་ཚོགས་བདེ་འཇགས་དང་མཚོ་བོད་ལམ་ཐིག་སྟེང་གི་ལམ་ཁའི་གནས་ཚུལ་ལ་ཞིབ་བཤེར་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་དྲིལ་སྒྲོག་བྱ་བ་བཅས་ལ་འགན་ཁུར་གྱི་ཡོད་པ་མ་ཟད། ད་དུང་མཐོ་སྒང་གསོ་རིག་ཞིབ་འཇུག་རྟེན་གཞིའི་དོ་དམ་དང་བྱ་བ་ལའང་རོགས་འདེགས་བྱེད་ཀྱིན་ཡོད། མིག་སྔར་མུ་ཏིག་ཚྭ་ཆུ་སྲུང་སྐྱོབ་ས་ཚིགས་ལ་ས་ཚིགས་འགོ་འཛིན་པ་གཅིག་དང་ས་ཚིགས་འགོ་འཛིན་གཞོན་པ་གཅིག ནགས་ཚལ་སྤྱི་བདེའི་མངགས་གཏོང་སའོ་ཀྲང་གཅིག ལས་བྱེད་མི་སྣ་དྲུག་བཅས་ཡོད།
མུ་ཏིག་ཚྭ་ཆུ་སྲུང་སྐྱོབ་ས་ཚིགས་ནི1999ལོར་བཙུགས་ཤིང་། ཐོག་མའི་དུས་ལ་རས་གུར་གྱི་ནང་དུ་བསྡད་དེ་རི་སྐྱེས་སྲོག་ཆགས་སོགས་ལ་སྲུང་སྐྱོབ་བྱེད་པའི་རྣམ་པ་ཅན་ཡིན་ལ། 2002ལོར་ཁང་པ་གསར་འཛུགས་བྱས། སྲུང་སྐྱོབ་ས་ཚིགས་ཀྱི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ240ལྷག་ཡོད། འོན་ཀྱང་ལོ་མང་པོར་འཁྱག་སའི་འགུལ་སྐྱོད་དང་ས་འགུལ་གྱི་ཤུགས་རྐྱེན་གྱིས་ཁང་པའི་གྱང་སོགས་ལ་གས་ཁ་ཤོར་ཞིང་། དབྱར་ཁར་ཐིགས་ཆུ་ཟགས་པ་དང་དགུན་ཁར་ཁང་པའི་ནང་ལ་དར་ཆགས་པ་སོགས་ཀྱི་གནད་དོན་མང་པོ་གནས་པ་རེད། 2013ལོར་པེ་ཅིང་གྲོང་ཁྱེར་གྱིས་ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་སྲུང་སྐྱོབ་ས་ཚིགས་ཀྱི་གཞི་རིམ་གྱི་ནུས་ཤུགས་ཇེ་མཐོར་གཏོང་བའི་ཁ་གཏད་རོགས་སྐྲུན་གྱི་ལས་གཞི་དང་མི་ཕྱུགས་ཀྱི་འཐུང་ཆུའི་བདེ་འཇགས་ཀྱི་ལས་གཞི་བརྒྱུད་ནས། མུ་ཏིག་ཚྭ་ཆུ་སྲུང་སྐྱོབ་ས་ཚིགས་ཀྱི་སྡོད་ཁང་ལ་ཞིག་གསོ་ལེགས་པོ་ཞིག་བྱས་པ་རེད། ད་ལྟའི་དུས་ལ་སྲུང་སྐྱོབ་ས་ཚིགས་འདིའི་རྨང་གཞིའི་སྒྲིག་བཀོད་གཞི་རྩའི་སྟེང་ནས་ཡོངས་འགྲུབ་བྱས་ཏེ་བྱ་བའི་ཁོར་ཡུག་ལ་སྔོན་དང་བསྡུར་ན་ལེགས་བཅོས་ཆེན་པོ་བྱུང་ཡོད། ཡིན་ཡང་ས་ཚིགས་འདི་རྒྱས་སྐྲུན་བྱ་དགོས་པའི་ས་ཚིགས་ཀྱི་གྲས་སུ་གཏོགས་པས།གསར་དུ་བཙུགས་པའི་སྲུང་སྐྱོབ་ས་ཚིགས་དག་དང་བསྡུར་ན་བྱ་བའི་ཁོར་ཡུག་དང་འཛུགས་སྐྲུན་སོགས་ཕྱོགས་གང་ཐད་ནས་ཅུང་ཙམ་ཞན་པ་རེད།
མུ་ཏིག་ཚྭ་ཆུ་སྲུང་སྐྱོབ་ས་ཚིགས།
ས་ཚིགས་འདིའི་ལས་བྱེད་མི་སྣ་དག་དང་མཉམ་དུ་བསྐྱོན་པའི་འདྲ་པར།
བཅར་འདྲི་བྱེད་བཞིན་པའི་རྣམ་པ།
མཚོ་སྔོན་འཁོར་སྐར་འཕྲིན་ལམ་གྱི་གསར་འགོད་པས་བརྙན་ཕབ་བཞིན་པ།
བཅར་འདྲི་བྱེད་བཞིན་པ།
ཨ་མདོ་བརྙན་འཕྲིན་གྱི་གསར་འགོད་པས་བརྙན་ཕབ་བཞིན་པ།
གོ་དགུ་ལོར་ཐོག་མར་བཙུགས་པའི་རས་གུར་སྲུང་སྐྱོབ་ས་ཚིགས།
རི་བོ་གཡུ་འབྲུག་ལྷ་རྩེ།
སྲུང་སྐྱོབ་ཁུལ་གྱི་ལས་བྱེད་པས་ཡུལ་དངོས་མཚམས་སྦྱོར་བྱེད་བཞིན་པ།
བཅར་འདྲི་བྱེད་བཞིན་པ།
ཐེ་ཀྲང་ཀྲོའུ་ཞན་ཨན་གྱིས་གནས་ཚུལ་རྒྱུས་ལོན་བྱེད་བཞིན་པ།
ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་མཚོན་རྟགས།
རྒྱས་བཟང་བསོད་ནམས་དར་རྒྱས་ལ་རྗེས་དྲན་ཞུ་བའི་རྡོ་རིང་།
རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་ལས་བྱེད་མི་སྣ་དག་དང་བསྐྱོན་པའི་མཉམ་པར།