ཟླ་བརྒྱད་པའི་ཚེས་བཅུ་གཅིག་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མཐོ་སྒང་གི་མཛེས་པའི་ཞང་སྡེ་འཛུགས་སྐྲུན་དང་རོང་འབྲོག་མང་ཚོགས་ཀྱི་ཁང་རྙིང་དང་ཉེན་ཁང་བསྒྱུར་བཀོད་བྱེད་པའི་ཡུལ་དངོས་ལྟ་སྦྱོང་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་བདུན་པའི་ཟླ་མཇུག་བར། མཚོ་སྔོན་ཞིང་ཆེན་གྱིས་ད་ལོར་འཛུགས་སྐྲུན་བྱེད་རྒྱུར་གཏན་ཁེལ་བྱས་པའི་མཐོ་སྒང་གི་མཛེས་པའི་ཞང་སྡེ་སུམ་བརྒྱའི་འཛུགས་སྐྲུན་ཁྱོན་ཡོངས་ནས་མགོ་བརྩམས་པ་དང་ཁྱིམ་ཚང་ཁྲི་དྲུག་གི་ཉེན་ཁང་དང་ཁང་རྙིང་བསྒྱུར་བཀོད་བྱས་ཚད་བརྒྱ་ཆའི་དོན་དགུར་སླེབས་ཏེ་རིགས་སོ་སོའི་བྱ་བ་བདེ་བླག་ངང་སྤེལ་བཞིན་ཡོད།
ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་འོག ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོས་ཏང་སྲིད་དམག་གསུམ་དང་ཁེ་ལས་མཉམ་འཛུགས་བྱེད་པ་དང་མཐོ་སྒང་གི་མཛེས་པའི་ཞང་སྡེ་འཛུགས་སྐྲུན་དང་ཞང་སྡེའི་བྱ་དགའི་རང་བཞིན་གྱི་སྡོད་ཁང་། རོང་འབྲོག་མང་ཚོགས་ཀྱི་ཁང་རྙིང་དང་ཉེན་ཁང་བསྒྱུར་བཀོད་བྱེད་པ་སོགས་ཀྱི་བྱ་བ་གཏིང་ཟབ་སྒོས་སྤེལ་བ་དང་། ཞང་སྡེ་འཛུགས་སྐྲུན་དང་ཁོར་ཡུག་དག་ཐེར་བཅོས་སྐྱོང་། ཁེ་ལས་འཕེལ་རྒྱས་སུ་བཏང་ནས་མང་ཚོགས་ཕྱུག་སྒྱུར་བྱེད་པ། དོ་དམ་གསར་གཏོད་སོགས་བྱེད་ཐབས་རབ་དང་རིམ་པ་བརྒྱུད་དེ་མིག་སྔའི་བར་མཐོ་སྒང་གི་མཛེས་པའི་ཞང་སྡེ་དགུ་བརྒྱའི་འཛུགས་སྐྲུན་ལས་འགན་ཡོངས་འགྲུབ་བྱས་པ་དང་རོང་འབྲོག་ཁྱིམ་ཚང་འབུམ་ལྔ་དང་སྟོང་གཉིས་ཁང་གསར་ནང་གནས་སྤར་ལ། ཞང་སྡེ་མཛེས་པ་དང་འཚོ་བ་སྐྱིད་པའི་མཐོ་སྒང་གི་མཛེས་པའི་ཞང་སྡེ་སྐོར་ཞིག་གིས་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་སྣེ་ཁྲིད་དང་སྐུལ་སློང་བྱས་ཏེ་ཚད་མཐོ་བའི་སྒོ་ནས་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་དང་མཐོར་འདེགས་བྱུང་།
གོ་རིམ་རྗེས་མར། མཚོ་སྔོན་ཞིང་ཆེན་གྱིས་རོང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་དང་སྤྱི་བའི་ཞབས་ཞུའི་འཛུགས་སྐྲུན་འཐུས་ཚང་དུ་གཏོང་རྒྱུ་བྱ་བ་གཙོ་བོར་བརྩིས་ཏེ་ཞང་སྡེའི་གཞུང་ལམ་དང་མི་ཕྱུགས་ཀྱི་འཐུང་ཆུ། གློག་དྲ་བསྒྱུར་བཀོད། ཞང་སྡེ་མཛེས་བཟོ། རྒྱང་སྒྲོག་བརྙན་འཕྲིན། མཉམ་འབྲེལ་དྲ་རྒྱ་དང་དེ་མིན་སློབ་གསོ་དང་སྨན་བཅོས། རྒན་གསོའི་ཞབས་ཞུ། གློག་རྡུལ་ཚོང་དོན་སྟེགས་བུ་སོགས་ལས་གཞིའི་འཛུགས་སྐྲུན་མྱུར་ཚད་ཇེ་མགྱོགས་སུ་གཏོང་རྒྱུ་མ་ཟད། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་ཤུགས་ཆེན་པོས་སྤེལ་ཏེ་ཞང་སྡེ་མཛེས་བཟོ་དང་ལྗང་སྒྱུར་བྱ་བར་སྐུལ་འདེད་གཏོང་བ། ཧུར་ཐག་གིས་ཞང་སྡེའི་གཞུང་ལམ་དང་བཙོག་ཆུ་ཐག་གཅོད་སོགས་ཀྱི་སྤྱི་བའི་སྒྲིག་ཆས་ཀྱི་ཡུན་ཕན་དོ་དམ་སྲུང་སྐྱོབ་ལམ་ལུགས་འཚོལ་ཞིབ་དང་གསར་འཛུགས་བྱས་ཏེ་མཐོ་སྒང་གི་མཛེས་པའི་ཞང་སྡེ་འཛུགས་སྐྲུན་བྱས་པའི་གྲུབ་འབྲས་ཀྱིས་རྒྱུན་མཐུད་བྱེད་ནུས་འདོན་སྤེལ་བྱེད་པར་འགན་སྲུང་བྱེད་པ། དེ་དང་མཉམ་དུ། སྐོར་ལྔ་བའི་ཀྲུང་གོའི་སྲོལ་རྒྱུན་ཞང་སྡེའི་ཡིག་ཐོག་སྙན་ཞུའི་བྱ་བ་ཧུར་ཐག་གིས་སྤེལ་ཏེ་མཚོ་སྔོན་ཞིང་ཆེན་གྱི་ཞང་སྡེ་སྔར་ལས་མང་པོ་ཀྲུང་གོའི་སྲོལ་རྒྱུན་ཞང་སྡེའི་མིང་ཐོའི་ཁྲོད་ཚུད་པར་འབད་བརྩོན་བྱེད་པ། ཤུགས་ཆེན་པོས་ཁྱད་ལྡན་ཞང་སྡེ་གསོ་སྐྱོང་བྱ་བར་སྐུལ་འདེད་བཏང་སྟེ་མཐོ་སྒང་གི་ཁྱད་ལྡན་ཞང་སྡེ་གསོ་སྐྱོང་བྱེད་པ་བརྒྱུད་ནས་མཐོ་སྒང་གི་མཛེས་པའི་ཞང་སྡེ་འཛུགས་སྐྲུན་བྱ་བ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་བྱེད་རྒྱུ་རེད།