ད་ལོར། མཚོ་སྔོན་ཞིང་ཆེན་གྱི་མཐོ་སྒང་གི་མཛེས་པའི་ཞང་སྡེའི་རྨང་གཞིའི་སྒྲིག་ཆས་དང་སྤྱི་བའི་ཞབས་ཞུའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པའི་སྡེ་ཁག་གིས་ཚད་མཐོན་པོས་མཐོང་ཆེན་དང་སེམས་ཞིབ་མོས་རྩ་འཛུགས། ལས་འགན་གཏན་ཁེལ་གསལ་བོ་བྱས་པ། འཛུགས་སྐྲུན་ལས་འགན་དོན་འཁྱོལ་བྱེད་པར་དམ་འཛིན་བྱས་ཏེ་འཛུགས་སྐྲུན་ལས་གཞི་རིགས་སོ་སོ་བདེ་བླག་ངང་སྤེལ།
ད་ལོའི་ལོ་སྟོད་ལ། འཛུགས་སྐྲུན་ལས་གཞིའི་ཐད་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་བརྒྱད་འབུམ་གཉིས་ཁྲི་དགུ་གཏོང་བ་དོན་འཁྱོལ་བྱས་པ་དང་ལས་གཞི་མང་ཆེ་བ་ཞིག་འཛུགས་སྐྲུན་བྱེད་འགོ་བརྩམས་ལ། ཉིས་སྟོང་བཅུ་བདུན་ལོར་མཐོ་སྒང་གི་མཛེས་པའི་ཞང་སྡེའི་རྨང་གཞིའི་སྒྲིག་ཆས་དང་སྤྱི་བའི་ཞབས་ཞུའི་སྒྲིག་ཆས་འཛུགས་སྐྲུན་ལས་འགན་ཡོངས་འགྲུབ་བྱེད་ཐུབ། དེའི་ཁྲོད། ཞང་སྡེའི་གཞུང་ལམ་འཛུགས་སྐྲུན་ལས་གཞིའི་ཐད་མ་དངུལ་སྒོར་བྱེ་བ་དྲུག་དང་ས་ཡ་དྲུག་འབུམ་དྲུག་ཁྲི་ལྔ་དང་ཞང་སྡེའི་ཆུ་བེད་བཟོ་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་དྲུག་ས་ཡ་ལྔ་འབུམ་དགུ་ཁྲི་གཅིག ཞང་སྡེའི་གློག་དྲ་སྒྱུར་བཀོད་རིམ་སྤོར་བཟོ་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བཞི་ས་ཡ་གསུམ། རྒྱང་སྒྲོག་བརྙན་འཕྲིན་ཐད་མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་བདུན་ཁྲི་ལྔ། སྡེ་བ་རིམ་པའི་ཕྱོགས་བསྡུས་རིག་གནས་ཞབས་ཞུ་ལྟེ་གནས་འཛུགས་སྐྲུན་ཐད་མ་དངུལ་སྒོར་འབུམ་བདུན་དང་ཁྲི་བརྒྱད། རིག་གནས་སྡེ་བ་དང་ཁྱིམ་ཚང་དུ་སྐྱོད་པའི་བཟོ་སྐྲུན་ཐད་མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་དྲུག་གཏོང་རྒྱུ་རེད།
གོ་རིམ་རྗེས་མར། ལས་གཞི་འཛུགས་སྐྲུན་ཁོངས་གཏོགས་སྡེ་ཁག་གིས་ཞང་སྡེའི་གཞུང་ལམ་འཛུགས་སྐྲུན་དང་འཐུང་ཆུ་བདེ་འཇགས་སྲ་བརྟན་བཟོ་སྐྲུན། ཞང་སྡེའི་གློག་དྲ་སྒྱུར་བཀོད་རིམ་སྤོར་བཟོ་སྐྲུན་བཅས་ལག་བསྟར་བྱས་པ་བརྒྱུད་ནས་ཞིང་ས་མཛེས་པ་དང་ཞང་སྡེ་མཛེས་པ། འཚོ་བ་སྐྱིད་པའི་མཐོ་སྒང་གི་མཛེས་པའི་ཞང་སྡེ་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་འདིང་རྒྱུ་རེད།