མཚོ་སྔོན་གྱིས་ཁང་རྙིང་སྒྱུར་བཀོད་ལས་འགན་གྱི་བརྒྱ་ཆའི་ང་བཞི་ལྷག་ཡོངས་འགྲུབ་བྱས།
2017.08.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 3

 གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཟླ་དང་པོ་ནས་ཟླ་བདུན་པའི་བར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་གྲོང་ཁྱེར་གྱི་ཁང་རྙིང་ཁྲི་གསུམ་དང་དྲུག་བརྒྱ་ཉེར་གཅིག་སྒྱུར་བཀོད་བྱེད་འགོ་བརྩམས་པ་དང་ད་ལོའི་དམིགས་འབེན་ལས་འགན་གྱི་བརྒྱ་ཆའི་ང་བཞི་ལྷག་ཟིན། ཁྱོན་ཡོངས་ནས་ད་ལོའི་ལོ་སྨད་ཀྱི་ཁང་རྙིང་སྒྱུར་བཀོད་བྱ་བར་བཀོད་སྒྲིག་བྱེད་ཆེད། ཉེ་སྔོན། མཚོ་སྔོན་ཞིང་ཆེན་གྱིས་མཁར་གྲོང་གི་ཁང་རྙིང་སྒྱུར་བཀོད་བྱ་བར་སྐུལ་འདེད་གཏོང་བའི་གྲོས་ཚོགས་བསྡུས་ཏེ་གོ་རིམ་རྗེས་མའི་ཁང་རྙིང་སྒྱུར་བཀོད་མྱུར་ཚད་ཇེ་མགྱོགས་སུ་གཏོང་བའི་ཐད་ལས་འགན་བཞི་བཏོན།

གཅིག་ནས་ཁང་རྙིང་སྒྱུར་བཀོད་འཛུགས་སྐྲུན་ལག་བསྟར་བྱེད་པའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ། ས་ཆ་སོ་སོས་ད་བར་དུ་སྒྱུར་བཀོད་བྱེད་འགོ་བརྩམས་མེད་པའི་ལས་གཞི་དག་སྒྱུར་བཀོད་བྱེད་མ་ཐུབ་པའི་རྒྱུ་རྐྱེན་འཚོལ་ཞིབ་བྱེད་པ་དང་བྱེད་ཐབས་ནུས་ལྡན་སྤྱད་དེ་ད་ལོའི་ཟླ་བཅུ་བའི་ཟླ་མཇུག་གི་སྔོན་ལ་སྒྱུར་བཀོད་ལས་གཞི་འགོ་བརྩམས་ཚད་བརྒྱ་ཆའི་བརྒྱ་རུ་སླེབས་པར་བྱེད་དགོས་པ་དང་སྒྱུར་བཀོད་བྱེད་འགོ་བརྩམས་པའི་ལས་གཞི་དང་མུ་མཐུད་འཛུགས་སྐྲུན་བྱེད་པའི་ལས་གཞི་དག་ངེས་པར་དུ་གཏན་ཁེལ་བྱས་པའི་ལས་ཡུན་ནང་ལས་འགོ་རྩོམ་དགོས་ལ། སྒྱུར་བཀོད་འཛུགས་སྐྲུན་ལག་བསྟར་བྱེད་པའི་སྟོབས་ཤུགས་ཇེ་དྲག་ཏུ་གཏོང་བ་དང་མྱུར་ཚད་ཇེ་མགྱོགས་སུ་བཏང་ནས་བཟོ་སྐྲུན་སྔ་མོ་ནས་ལེགས་འགྲུབ་ཡོང་བར་འབད་པ་བྱེད་དགོས།

གཉིས་ནས་མགྱོགས་མྱུར་གྱིས་ཁང་རྙིང་སྒྱུར་བཀོད་ཐད་ཀྱི་བསྐྱི་དངུལ་དོན་འཁྱོལ་བྱེད་དགོས། ཧུར་ཐག་གིས་རྒྱལ་ཁབ་གསར་སྤེལ་དངུལ་ཁང་དང་ཞིང་ལས་འཕེལ་རྒྱས་དངུལ་ཁང་སོགས་དངུལ་རྩའི་སྡེ་བར་འབྲེལ་མཐུད་བྱས་ཏེ་ཁང་རྙིང་སྒྱུར་བཀོད་ཐད་ཀྱི་བསྐྱི་དངུལ་རོགས་ལས་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས།

གསུམ་ནས་སྤྱི་བའི་གླ་ཁང་བགོ་བཤའ་བྱས་ཏེ་ནང་དུ་སྡོད་པའི་ཤུགས་ཚད་ཆེ་རུ་གཏོང་བ། ཉིས་སྟོང་བཅུ་བཞི་ལོར་འཛུགས་སྐྲུན་བྱེད་འགོ་བརྩམས་པའི་སྤྱི་བའི་གླ་ཁང་བགོ་བཤའ་བྱས་ཏེ་ནང་དུ་སྡོད་པའི་བྱ་བ་དོན་འཁྱོལ་བྱེད་དགོས་པ་དང་སྤྱི་བའི་གླ་ཁང་བགོ་བཤའ་བྱས་ཏེ་ནང་དུ་སྡོད་པའི་ལས་གཞིའི་མཛོད་འཛུགས་དགོས།

བཞི་ནས་བགོ་བཤའི་ཤུགས་ཚད་ཇེ་ཆེར་གཏོང་བ། འོས་འཚམ་སྒོས་ཁྱིམ་ཐོ་དང་སྡོད་ཁང་། ནོར་སྲིད་སོགས་ཀྱི་ཆ་རྐྱེན་ཇེ་ལྷོད་དུ་གཏོང་དགོས་པ་བཅས་རེད།