རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཁོར་སྲུང་ལྟ་ཞིབ་སྐོར་ལ་ལྟ་སྐུལ་བྱེད་ཞོར་དུ་བཅོས་སྒྱུར་བྱེད་པའི་བྱ་བའི་སྒྲིག་སྲོལ་བཙུགས།
2017.08.16 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 6

ཉེ་ལམ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཁོར་སྲུང་ལྟ་ཞིབ་སྐོར་ལ་ལྟ་སྐུལ་བྱེད་ཞོར་དུ་བཅོས་སྒྱུར་བྱེད་པའི་བྱ་བའི་སྒྲིག་སྲོལ་བཙུགས་ཤིང་། ལས་ཀའི་གཙོ་གནད་བདུན་གྱི་ལྟ་སྐུལ་བྱ་བ་གཏན་འབེབ་བྱས་ལ། བྱེད་ཐབས་ལྔ་དང་ཞིབ་ཕྲ་དྲུག་གི་རེ་བ་བཏོན་ནས། ཀྲུང་དབྱང་ཁོར་སྲུང་ལྟ་ཞིབ་རུ་ཁག་ལ་བརྗེ་རེས་ཀྱིས། གནད་དོན་གྱི་ཁ་ཕྱོགས་སྒྱུར་ཏེ་སྤྱིའི་བཅོས་སྒྱུར་བྱ་བ་སྤུས་ཚད་ལྡན་པའི་སྒོ་ནས་ལེགས་འགྲུབ་བྱུང་།

ལས་ཀའི་གཙོ་གནད་བདུན་གྱི་ལྟ་སྐུལ་བྱ་བ་གསལ་བོར་གཏན་འབེབ་བྱས་པ་ནི། གཅིག་ནི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་སྐུལ་གྱིས་གནད་དོན་གསར་རྙེད་བྱུང་ནས་སྤྱིའི་བཅོས་སྒྱུར་ལག་བསྟར་དོན་འཁྱོལ་བྱས་པ་ལ་གྲུབ་འབྲས་ངེས་ཅན་བླངས། གཉིས་ནི་མཚོ་སྔོན་ཞིང་ཆེན་གྱི་མཁའ་དབུགས་འབག་བཟོ་བཅོས་སྐྱོང་རྩ་འཛིན་དང་ཆུའི་འབག་བཟོ་བཅོས་སྐྱོང་རྩ་འཛིན། རང་ཁུལ་གྱི་མཁའ་དབུགས་དང་ཆུ། ས་རྒྱུ་འབག་བཟོ་བཅོས་སྐྱོང་བྱ་བའི་བྱེད་ཕྱོགས་སོགས་ཁྲིམས་བཀོད་སྲིད་ཇུས་ལག་བསྟར་བྱས། གསུམ་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་སྐྱེ་ཁམས་ཤེས་རིག་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་བྱ་བའི་ཇུས་གཞི་དངོས་འབེབ་དང་འབག་བཟོ་བཅོས་སྐྱོང་། འབག་བཟོའི་ལྟེ་གནད་ལ་ཆེད་གཉེར་བཅོས་སྐྱོང་བྱ་བ་སོགས་སྤྱིའི་བཅོས་སྒྱུར་ལག་བསྟར་དོན་འཁྱོལ་བྱས། བཞི་ནི་རིམ་པ་ལྟར་ཁོར་ཡུག་སྲུང་སྐྱོབ་ཀྱི་སྣེ་ཁྲིད་འགོ་བ་ལ་འགན་འཁུར་གྱི་མ་ལག་བཙུགས་ནས། ཏང་སྲིད་གཉིས་ཀྱི་འགན་འཁུར་མཉམ་ཞིང་། ལས་རྐང་གཅིག་ཏུ་ལས་འགན་གཉིས་ལག་ཏུ་བསྟར་བའི་གནས་ཚུལ་དངོས་འབེབ་བྱས། ལྔ་ནི་འགན་ནུས་སྡེ་ཁག་གིས་འགན་འཁུར་མཐའ་འཁྱོལ་དང་ལྟ་སྐུལ་ཤུགས་དྲགས། ཁྲིམས་ལྟར་ཁོར་ཡུག་ལ་བཅོས་སྐྱོང་བྱེད་པར་ཤུགས་སྣོན་པ། ཁོར་ཡུག་གནད་དོན་ཐད་ཀྱི་ཁྲིམས་འགལ་ལུགས་འགལ་གྱི་གནས་ཚུལ་ལ་ལྟ་རྟོག་ནན་མོ་བྱེད་པ་བཅས་ཡིན། དྲུག་ནི་དམངས་ཀྱི་རེ་བ་ཆེན་པོ་དང་སྤྱི་ཚོགས་ཤུགས་རྐྱེན་མི་ལེགས་པའི་འབུར་ཐོན་གནད་དོན་ཐག་གཅོད་དང་བཅོས་སྒྱུར་བྱེད་པ་དེ་ཡིན། བདུན་ནི་འགན་འཁུར་གྱི་བྱ་བ་མི་འདང་ཞིང་སྣང་དོགས་མེད་པ། ལས་ནུས་ཤོར་བ་སོགས་ཀྱི་འགན་ནུས་ལ་རྩད་གཅོད་བྱེད་པ་བཅས་ཡིན།

བྱ་བའི་བྱེད་ཐབས་ཀྱི་རྣམ་པ་ལྔ་ནི། དྲིལ་སྒྲོག་སྒྲོག་འདོན་དང་། ཞིབ་འཇུག་རྟོག་ཞིབ། བཅར་བསྐྱོད་སྐུལ་འདེད། ལྟ་ཞིབ་ནན་མོ། དངོས་ལྐོག་ལྟ་ཞིབ་བཅས་ཡིན། བྱ་བའི་ཞིབ་ཕྲ་དྲུག་གི་རེ་བ་ནི་ཚན་ཁག་རེ་ལ་ཚན་གཙོ་འཇོག་པའི་འགན་འཁུར་ལམ་ལུགས་གཏན་འབེབ་བྱེད་པ་དང་། དངོས་ཐོག་བདེན་འཚོལ་གྱི་རྩ་དོན་ལྟར་ལྟ་སྐུལ་བྱ་བ་གཟབ་ནན་དང་སྤྱིའི་བཅོས་སྒྱུར་གནད་དོན་འབུར་ཐོན། ལྟ་སྐུལ་བྱེད་ཞོར་དུ་བཅོས་སྒྱུར་བྱེད་པའི་བྱ་བ་དུས་ལྟར་གོང་རིམ་ལ་སྙན་སེང་འབུལ་བ་དང་། ཁུལ་དང་རྫོང་གི་བརྙན་འཕྲིན་ཁང་གིས་དུས་ཡུན་ངེས་ཅན་ལ་ཆེད་དུ་བརྒྱུད་གཏོང་བྱེད་པ་བཅས་ཡིན།