མཚོ་སྔོན་ཞིང་ཆེན་གྱི་མཛེས་པའི་ཡུལ་གྲོང་སུམ་བརྒྱའི་ཁྲོད་ནས་སྡེ་བ་ཉིས་བརྒྱ་དང་བཅུ་གཉིས་དབུལ་ཕོངས་ལས་ཐར།
2017.08.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

ཉེ་སྔོན། 2017ལོའི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མཐོ་སྒང་གི་མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་དང་རོང་འབྲོག་དམངས་ཀྱི་ཉེན་ཁང་དང་ཁང་རྙིང་བསྒྱུར་བཀོད་བྱེད་པའི་ཡུལ་དངོས་ལྟ་སྦྱོང་ཚོགས་འདུ་ཧོང་ཀྲུང་རྫོང་ལན་ལོང་ཁུག་གྲོང་རྡལ་ཁཱ་ཡང་སྡེ་བ་ནས་ཚོགས་པ་དང་། ཞིང་ཆེན་ཡོངས་ཀྱི་ཁུལ་དང་གྲོང་ཁྱེར་སོ་སོ་ནས་ཡོང་བའི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ་ཚོགས་འདུར་ཞུགས། ད་ལོར། མཐོ་སྒང་གི་མཛེས་པའི་ཡུལ་གྲོང་སུམ་བརྒྱ་ཁྲོད་ཀྱི་སྡེ་བ་ཉིས་བརྒྱ་དང་བཅུ་གཉིས་ཀྱིས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་ཐུབ་པ་བྱུང་།

2014ལོར་མཚོ་སྔོན་ཞིང་ཆེན་ཡོངས་ནས་མཐོ་སྒང་གི་མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་སྤེལ་མགོ་བརྩམས་ནས་ད་བར་དུ། མཛེས་པའི་ཡུལ་གྲོང་དགུ་བརྒྱ་འཛུགས་སྐྲུན་བྱེད་པའི་ལས་འགན་ཡོངས་འགྲུབ་བྱས་པ་དང་། ཞིང་སྡེའི་སྡོད་ཁང་འབུམ་ལྔ་དང་སྟོང་གཉིས་བསྒྱུར་བཀོད་བྱས་ལ། ཞིང་ཆེན་ཡོངས་ཀྱི་གྲོང་སྡེ་བརྒྱ་ཆའི་ཉེར་གཅིག་ལྷག་གི་ཁོར་ཡུག་ཇེ་ལེགས་སུ་བཏང་བ་དང་། རོང་འབྲོག་ཁྱིམ་ཚང་གི་བརྒྱ་ཆའི་ང་དགུ་ལྷག་ཁང་བ་གསར་པའི་ནང་སྡོད་ཐུབ་པ་བྱུང་ལ། ཁྱིམ་གཞི་མཛེས་ཞིང་ཁོར་ཡུག་གཙང་ལ། འཚོ་བ་བཟང་བའི་མཐོ་སྒང་གི་མཛེས་པའི་ཡུལ་གྲོང་སྐོར་ཞིག་གིས་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བསྒྱུར་བྱེད་པར་སྣེ་ཁྲིད་བྱས།

མཚོ་སྔོན་ཞིང་ཆེན་གྱིས་རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བསྒྱུར་བྱེད་པར་དོ་སྣང་བྱས་པ་དང་། མཐོ་སྒང་གི་མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་དང་ཁང་རྙིང་དང་ཉེན་ཁང་བསྒྱུར་བཀོད་བྱེད་པ། དབུལ་ཐར་མཁྲེགས་གཏོར་བཅས་ཟུང་འབྲེལ་དམ་པོ་བྱས་པས། ད་ལོར་མཐོ་སྒང་གི་མཛེས་པའི་ཡུལ་གྲོང་སུམ་བརྒྱའི་ཁྲོད་ཀྱི་སྡེ་བ་ཉིས་བརྒྱ་དང་བཅུ་གཉིས་དབུལ་ཕོངས་ལས་ཐར་ཐུབ་པ་བྱུང་། དེ་དང་མཉམ་དུ། སྡེ་བའི་ཕྱིའི་ཁོར་ཡུག་ཡག་བསྒྱར་བྱེད་པར་དོ་སྣང་བྱས་པ་དང་། རོང་འབྲོག་ཁུལ་གྱི་གད་སྙིགས་བཅོས་སྐྱོང་བྱེད་སྟངས་གསར་གཏོད་བྱས་ལ། ཁོར་ཡུག་བཅོས་སྐྱོང་ཐད་ཀྱི་ཡུན་ཕན་རྐྱེན་སྲོལ་ཐོག་མ་བཙུགས་པ་དང་། སྡེ་བའི་རྨང་གཞིའི་སྒྲིག་ཆས་དང་སྤྱི་ཐུན་ཞབས་ཞུའི་སྒྲིག་ཆས་ཐད་ཀྱི་ཞན་ཆ་བསྐོང་ཅི་ཐུབ་བྱས་པ་མ་ཟད། མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་ཐད་ཀྱི་རྒྱུ་སྤུས་མཐོར་འདེགས་བྱས་པ་དང་། ས་ཁོངས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཡོད་ལ། རིག་གནས་རྒྱུན་འཛིན་མངོན་པར་བྱས་ཡོད་པ་དང་ཁྱད་ཆོས་འབུར་ཐོན་བྱས་ཏེ། སྡེ་བ་ཚང་མ་གཅིག་འདྲ་མི་ཡོང་བར་བྱས།

མཚོ་སྔོན་ཞིང་ཆེན་གྱི་མཐོ་སྒང་གི་མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་བྱེད་པའི་མགོ་ཁྲིད་ཚན་ཆུང་གི་ཁོངས་གཏོགས་སྡེ་ཁག་ཚོས་མཉམ་དུ་འགྲིམ་འགྲུལ་དང་འཐུང་ཆུ། གློག་དྲ། རིག་གནས་ལུས་རྩལ། རྒན་གསོ། གློག་ཚོང་སོགས་ལས་གཞི་ལག་བསྟར་བྱས་ནས། འཛུགས་སྐྲུན་ལས་འགན་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱས། ད་ལོའི་མཛེས་པའི་ཡུལ་གྲོང་སུམ་བརྒྱ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་མགོ་བརྩམས་པ་དང་། ཉེན་ཁང་དང་ཁང་རྙིང་ཁྲི་དྲུག་བསྒྱུར་བཀོད་བྱེད་པའི་ལས་འགན་ལས་བརྒྱ་ཆའི་དོན་དགུ་འཛུགས་སྐྲུན་བྱེད་མགོ་བརྩམས།