མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་མ་ལག་གིས་ལོ་སྟོད་ལ་དབུལ་ཕོངས་ཁྱིམ་ཚང་གི་མི་གྲངས་ཁྲི་གཅིག་དང་སྟོང་དྲུག་ཉིས་བརྒྱ་ཡི་ངལ་རྩོལ་ནུས་ཤུགས་སྤོ་སྒྱུར་བྱས།
2017.08.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

མཚོ་སྔོན་ཞིང་ཆེན་ཡོངས་སུ་བསྡོམས་པས་དབུལ་ཕོངས་ཁྱིམ་ཚང་གི་མི་གྲངས་ཁྲི་གཅིག་དང་སྟོང་དྲུག་ཉིས་བརྒྱ་ཡི་ངལ་རྩོལ་ནུས་ཤུགས་སྤོ་སྒྱུར་བྱས་པ་དང་། མི་གྲངས་ཁྲི་གཅིག་དང་སྟོང་གཅིག་ཉིས་བརྒྱ་རྩ་འཛུགས་བྱས་ཏེ་གསོ་སྦྱོང་སྤེལ་ལ། དབུལ་ཕོངས་ཁྱིམ་ཚང་ལ་རོགས་རམ་བྱས་ནས་ཞིང་ཆེན་ཕྱི་ནང་དུ་ཧུབ་རིང་ཟ་ཁང་ཞེ་གསུམ་འཛུགས་གཉེར་བྱས་ཏེ་མི་བརྒྱ་དང་དོན་གཉིས་ཀྱི་ལས་ཞུགས་ལ་སྐུལ་ཁྲིད་བྱས་པ་དང་། རིགས་སོ་སོའི་སྤྱི་ཚོགས་འགན་སྲུང་ཁ་གསབ་རོགས་དངུལ་སྒོར་བྱེ་བ་དྲུག་མངོན་འགྱུར་བྱས།   

ཟླ8པའི་ཚེས་16ཉིན། གསར་འགོད་པས་ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་མ་ལག་གི་དབུལ་སྐྱོར་མཁྲེགས་གཏོར་བྱ་བའི་སྐུལ་སྤེལ་ཚོགས་འདུའི་སྟེང་རྒྱུན་ལོན་པ་ལྟར་ན། ད་ལོའི་ལོ་སྟོད་ལ་ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་མ་ལག་གིས་མཉམ་དུ་འབད་བརྩོན་བྱས་པར་བརྟེན་ནས་དབུལ་ཐར་མཁྲེགས་གཏོར་ལ་གྲུབ་འབྲས་མངོན་གསལ་བླངས་པ་དང་། དུས་ཚོད་ཕྱེད་ཀ་འགོར་བའི་རིང་ལ་ལས་འགན་ཕྱེད་ཀ་གྲུབ་པའི་དམིགས་འབེན་མངོན་འགྱུར་བྱས།

མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱི་ཐིན་ཀྲང་གཞོན་པ་པུས་ཞའོ་ཉིན་གྱིས་ངོ་སྤྲོད་བྱས་དོན། ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་འགུལ་སྐྱོད་འཆར་གཞིའི་ཁྲོད་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་མ་ལག་ནི་མགོ་ཁྲིད་དེ་འགུལ་སྐྱོད་འཆར་གཞི་གཉིས་དངོས་འབེབས་བྱེད་པའི་སྡེ་ཁག་གཅིག་པུ་ཡིན། ད་ལོའི་ཚུན་ལ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཡིག་ཚགས་ལས་ཏེ་བྱང་བུ་བྱིན་པའི་དབུལ་ཕོངས་མི་སྣའི་ནད་ཚབས་ཆེན་ལ་སྨན་བཅོས་འགན་སྲུང་བྱེད་པའི་ཐོག་མའི་ཚད་གཞི་ལ་ལེགས་སྒྲིག་བྱས་ཏེ་ཇེ་དམའ་རུ་བཏང་ཞིང་། མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་གི་མ་དངུལ་གྲབས་གསོག་ཚད་གཞི་དང་མཁར་གྲོང་སྡོད་དམངས་ཀྱི་ནད་ཚབས་ཆེན་སྨན་བཅོས་མ་དངུལ་གྲབས་གསོག་ཚད་གཞི་ཇེ་མཐོར་བཏང་ལ། དབུལ་ཕོངས་མི་སྣས་སྒོ་བསྟེན་ནད་ཚབས་ཆེན་གྱི་རིགས་ལ་དཔྱད་བཅོས་བྱེད་པའི་སྨན་ཁང་གི་རིམ་པ་ཇེ་དམའ་རུ་གཏོང་བ་སོགས་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་བྱས་པས། མཁར་གྲོང་སྡོད་དམངས་དང་ལྷག་པར་དུ་དབུལ་ཕོངས་མི་སྣའི་ཁུར་བོ་ཇེ་ཡང་དུ་བཏང་། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་མི་གྲངས་སྟོང་གཉིས་དང་དགུ་བརྒྱ་སོ་ལྔ་རྩ་འཛུགས་བྱས་ཏེ་གསོ་སྦྱོང་བྱས་པས་དམིགས་འབེན་ལས་འགན་གྱི་མི་གྲངས་སྟོང་ལྔ་ཡི་བརྒྱ་ཆའི་ང་བརྒྱད་དང་གྲངས་ཆུང་བདུན་ཡོངས་གྲུབ་བྱས། ཡིག་ཚགས་ལས་ཏེ་བྱང་བུ་བྱིན་པའི་དབུལ་ཕོངས་ཁྱིམ་ཚང་ལ་ལས་འགོ་བརྩམས་པར་བྱ་དགའ་སྟེར་བ་སོགས་སྲིད་ཇུས་དངོས་འབེབས་བྱས་པ་དང་། དབུལ་ཕོངས་ཁྱིམ་ཚང་གིས་ཞིང་ཆེན་ཕྱི་ནང་དུ་ཧུབ་རིང་ཟ་ཁང་ཞེ་གསུམ་འཛུགས་གཉེར་བྱས་ནས་མི་བརྒྱ་དང་དོན་གཉིས་ལ་སྐུལ་ཁྲིད་བྱས། དབུལ་ཕོངས་ཁྱིམ་ཚང་གི་ལས་སྐྲུན་ཁག་ཐེག་དངུལ་བུན་དང་ཐོག་མའི་ལས་སྐྲུན་གསབ་དངུལ་སོགས་སྲིད་ཇུས་དངོས་འབེབས་བྱས་ནས་རིགས་སོ་སོའི་སྤྱི་ཚོགས་འགན་སྲུང་ཁ་གསབ་རོགས་དངུལ་སྒོར་བྱེ་བ་དྲུག་མངོན་འགྱུར་བྱས། དེ་དང་མཉམ་དུ། དབུལ་ཕོངས་མི་སྣའི་སྨན་བཅོས་སྲིད་ཇུས་ཧུར་ཐག་གིས་ལེགས་སྒྲིག་དང་འཐུས་ཚང་དུ་བཏང་ཞིང་། ཞང་དང་སྡེ་བ། ཁྱིམ་ཚང་ལ་སོང་ནས་སྨན་བཅོས་ལས་ཁུངས་ཀྱིས་འདྲེན་པ་བཞི་དང་མཐིལ་རྟོགས་དྲུག་གི་འགུལ་སྐྱོད་སྤེལ་ཏེ་སྨན་བཅོས་དང་རོགས་སྐྱོབ་སོགས་སྲིད་ཇུས་ཀྱི་སྲུབས་མེད་འབྲེལ་མཐུད་དང་དུས་མཉམ་དོན་འཁྱོལ་ལ་ཁག་ཐེག་བྱས།