མཚོ་སྔོན་ཞིང་ཆེན་གྱིས་ཉིས་སྟོང་བཅུ་བདུན་ལོའི་སྐོར་གཉིས་པའི་དབུལ་ཕོངས་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་རོགས་སྐྱོར་མ་དངུལ་སྒོར་དུར་ཕྱུར་བརྒྱད་དང་བྱེ་བ་དགུ་ས་ཡ་ལྔ་འབུམ་ལྔ་ཁྲི་བདུན་བྱིན།
2017.08.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

 གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ། མཚོ་སྔོན་ཞིང་ཆེན་གྱིས་ཉིས་སྟོང་བཅུ་བདུན་ལོའི་སྐོར་གཉིས་པའི་དབུལ་ཕོངས་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་བརྒྱད་དང་བྱེ་བ་དགུ་ས་ཡ་ལྔ་འབུམ་ལྔ་ཁྲི་བདུན་བྱིན་པ་དང་། མ་དངུལ་དེ་དག་གཅིག་གྱུར་གྱིས་མཁར་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་མི་སྣ་དང་ཧ་ཅང་དབུལ་ཕོངས་ཡིན་པའི་མི་སྣའི་འཚོ་བའི་ཁ་གསབ་ཐད་བཀོལ་རྒྱུ་རེད།

ད་ལོར། ཀྲུང་དབྱང་གིས་བསྡོམས་པས་མཚོ་སྔོན་ཞིང་ཆེན་གྱི་དབུལ་ཕོངས་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་རོགས་སྐྱོར་མ་དངུལ་སྒོར་ཐེར་འབུམ་གཉིས་དང་བྱེ་བ་བརྒྱད་ས་ཡ་གཉིས་འབུམ་གཉིས་ཁྲི་དགུ་བྱིན་པ་དང་། དེ་ལོ་སྔོན་མ་དང་བསྡུར་ན་སྒོར་དུང་ཕྱུར་གཅིག་དང་ས་ཡ་བཞི་འབུམ་བཞི་ཁྲི་གསུམ་གྱིས་ཇེ་མང་དུ་སོང་ཡོད། དེའི་ཁྲོད། སྐོར་དང་པོའི་དབུལ་ཕོངས་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་རོགས་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཅིག་བྱེ་བ་བརྒྱད་ས་ཡ་དྲུག་འབུམ་བདུན་ཁྲི་གཉིས་ད་ལོའི་ཟླ་གཉིས་པའི་ནང་ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོར་བྱིན།

རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་དམངས་སྲིད་ཐིན་དང་ནོར་སྲིད་ཐིན་གྱིས་ས་ཆ་སོ་སོའི་ནོར་སྲིད་དང་དམངས་སྲིད་སྡེ་ཁག་གིས་དབུལ་ཕོངས་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་རོགས་སྐྱོར་མ་དངུལ་སྟེར་བའི་བྱ་བར་ཚད་མཐོན་པོའི་མཐོང་ཆེན་བྱེད་དགོས་པ་དང་མ་དངུལ་གྱི་དོ་དོམ་ཤུགས་ཚད་ཇེ་དྲག་ཏུ་གཏོང་བ། མགྱོགས་མྱུར་གྱིས་མ་དངུལ་དེ་དག་རྫོང་སོ་སོར་བགོ་བཤའ་བྱེད་པ། གཟབ་ནན་གྱིས་སྤྱི་ཚོགས་ཅན་གྱི་མ་དངུལ་བགོ་བཤའ་བྱེད་པའི་ལམ་ལུགས་ལག་བསྟར་བྱེད་པ་དང་མ་དངུལ་བགོ་བཤའ་བྱེད་པའི་སྤྱི་བསྡོམས་བྱ་བ་བཟང་བོར་སྒྲུབ་སྟེ་དུས་ཐོག་ཏུ་མ་དངུལ་བགོ་བཤའ་བྱས་པའི་གནས་ཚུལ་ཞིང་ཆེན་དམངས་སྲིད་ཐིན་དང་ནོར་སྲིད་ཐིན་ལ་ཡར་ཞུ་བྱེད་དགོས་པའི་བླང་བྱ་བཏོན།