རྨ་ལྷོ་ཁུལ་དང་མཚོ་སྔོན་ཞིང་ཆེན་ཀུན་སྤྱོད་མཁའ་འགྲུལ་སྡེ་ཚོགས་གཉིས་ཀྱིས་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཀོད།
2017.08.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 6

ཟླ8པའི་ཚེས11ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་དང་མཚོ་སྔོན་ཞིང་ཆེན་ཀུན་སྤྱོད་མཁའ་འགྲུལ་སྡེ་ཚོགས་ཚད་ཡོད་ཀུང་ཟི་གཉིས་ཀྱིས་ཀུན་སྤྱོད་གནམ་གྲུའི་ཐང་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཀོད།

གྲོས་མཐུན་འགོད་པའི་མཛད་སྒོའི་སྟེང་། མཚོ་སྔོན་ཞིང་ཆེན་ཀུན་སྤྱོད་མཁའ་འགྲུལ་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་འགན་ཁུར་བས་མིག་སྔའི་ཁྱོན་ཡོངས་ཀྱི་འཕེལ་རྒྱས་གནས་ཚུལ་མཚམས་སྦྱོར་བྱས།

རྨ་ལྷོ་ཁུལ་ཏང་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི་འགོ་ཁྲིད་ཀྱིས་བསྟན་དོན། ཀུན་སྤྱོད་གནམ་གྲུ་ཐང་གི་འཛུགས་སྐྲུན་གྱིས་སྤྱི་ཚོགས་སྤྱིའི་བདེ་འཇགས་སྲུང་སྐྱོབ་དང་ཉེན་སྐྱོབ་གནོད་སེལ། རྩྭ་ཐང་གི་མེ་འགོག སྨན་བཅོས་རོགས་སྐྱོབ། འཕྲལ་བསྟུན་མྱུར་སྐྱོབ་སོགས་ཁྱབ་ཁོངས་ཐད་ནུས་པ་གལ་ཆེན་འདོན་ཐུབ་ལ། དེ་དང་མཉམ་དུ་རྒྱལ་ཁོངས་དང་ས་གཤིས་ཐོན་ཁུངས་རྩད་ཞིབ། ཁོར་ཡུག་ལྟ་དཔྱད། ཞིང་ཕྱུགས་ནགས་ལས། གནམ་གཤིས་ལྟ་དཔྱད་ཞབས་ཞུ་སོགས་ཁྱབ་ཁོངས་ཁྲོད་བེད་སྤྱོད་རྒྱ་ཁྱབ་ཏུ་བྱེད་ཐུབ། རྨ་ལྷོ་ཁུལ་ཏང་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི་འགོ་ཁྲིད་ཀྱིས་མཚོ་སྔོན་ཞིང་ཆེན་ཀུན་སྤྱོད་མཁའ་འགྲུལ་སྡེ་ཚོགས་ཚད་ཡོད་ཀུང་ཟིས་རང་སྟེང་གི་ཐོན་ཁུངས་དགེ་མཚན་ལ་བརྟེན་ནས་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི་སྡེ་ཁག་སོ་སོར་མཉམ་འབྲེལ་བྱས་ཏེ། མཉམ་དུ་རྨ་ལྷོ་ཁུལ་གྱི་ཀུན་སྤྱོད་མཁའ་འགྲུལ་ལས་རིགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་དང་རྨ་ལྷོ་ཁུལ་གྱི་ཀུན་སྤྱོད་མཁའ་འགྲུལ་དྲ་རྒྱའི་བཀོད་པ་འཐུས་ཚང་དུ་གཏོང་དགོས་པའི་རེ་བ་བཏོན།

ཐེངས་འདིའི་ཀུན་སྤྱོད་གནམ་གྲུ་ཐང་འཛུགས་སྐྲུན་གྱི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཀོད་པ་དེས། རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་དང་མཚོ་སྔོན་ཞིང་ཆེན་མཁའ་འགྲུལ་སྡེ་ཚོགས་ཚད་ཡོད་ཀུང་ཟི་གཉིས་ཀྱིས་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་འབྲེལ་བ་བཙུགས་པ་མཚོན་ཡོད། རྨ་ལྷོ་ཁུལ་གྱི་ཀུན་སྤྱོད་གནམ་གྲུ་ཐང་གི་འཛུགས་སྐྲུན་ནི་རྨ་ལྷོ་ཁུལ་གྱིས་མགྱོགས་མྱུར་སྒོས་ལངས་གཟུགས་འགྲིམ་འགྲུལ་དྲ་རྒྱ་འཛུགས་པའི་བྱེད་ཐབས་གལ་ཆེན་ཡིན་ལ། དེ་འཛུགས་སྐྲུན་དང་བེད་སྤྱོད་གཏོང་འགོ་ཚུགས་པ་དེས་མུ་མཐུད་དུ་རྨ་ལྷོ་ཁུལ་མི་དམངས་ཀྱི་འགྲིམ་འགྲུལ་ཕྱིར་སྐྱོད་བྱེད་སྟངས་ལ་འགྱུར་བ་གཏོང་སྲིད་ཅིང་། རྨ་ལྷོ་ཁུལ་གྱི་ཡུལ་སྐོར་ཞབས་ཞུའི་ནུས་པ་མཐོར་འདེགས་དང་རྨ་ལྷོ་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། ཐོན་ལས་གྲུབ་ཚུལ་མུ་མཐུད་དུ་ལེགས་སྒྱུར་བྱེད་པར་སྐུལ་འདེད་གཏོང་ཐུབ།