ཟླ་༨པའི་ཚེས་༢༡ཉིན། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་ཤིག་དབུ་བརྙེས། ཀྲུང་དབྱང་གི་བོད་ལྗོངས་ལས་ཀའི་སྙོམ་སྒྲིག་ཚོགས་པའི་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་གཞོན་པ་སྲིད་ཐར་དང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཙུའུ་ཧྲུའུ་ཅི་ཨན་ཆི་ཡི་གཉིས་ཀྱིས་མཉམ་གཅིག་ཏུ་སྒོ་བྱང་ཕྱེས།
ཟླ་བརྒྱད་པའི་ཚེས་ཉེར་གཅིག་ཉིན་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་ཤིག་དབུ་བརྙེས། ཀྲུང་དབྱང་གི་བོད་ལྗོངས་ལས་ཀའི་སྙོམ་སྒྲིག་ཚོགས་པའི་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་གཞོན་པ་སྲི་ཐར་དང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཙུའུ་ཧྲུའུ་ཅི་ཨན་ཆི་དབྱི་གཉིས་ཀྱིས་མཉམ་གཅིག་ཏུ་སྒོ་བྱང་ཕྱེས།
ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ཆོག་མཆན་ལྟར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས། དེ་ནི་རིག་གནས་རྒྱལ་ཁབ་ཆེན་མོའི་འཐབ་ཇུས་ཀྱི་སྐུལ་འདེད་འོག་ཀྲུང་གོའི་རིག་གནས་འཛུགས་སྐྲུན་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་སྤེལ་བྱེད་པར་ཞབས་འདེགས་ཞུ་བ། བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་བྱེད་པ། ཚན་རིག་ཞིབ་འཇུག་ལ་ཆ་འཕྲིན་མཁོ་སྤྲོད་བྱེད་པ་བཅས་རིམ་བཞིན་རང་རྒྱལ་གྱི་བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་ཆེ་ཤོས་སུ་ཆགས་པར་བརྩོན་ལེན་བྱེད་པར་དམིགས་པ་རེད།
ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས2015ལོ་ནས་བཟུང་བོད་ཡིག་དཔེ་རྙིང་འཚོལ་སྡུད་ལེགས་སྒྲིག་གི་ལས་ཀ་བསྒྲུབས་པ་དང་། ཆེད་ལས་མི་སྣ་རྩ་འཛུགས་དང་ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་སྡུད་ཀྱིས་པེ་ཅིང་དང་། བོད་རང་སྐྱོང་ལྗོངས། མཚོ་སྔོན། ཀན་སུའུ། སི་ཁྲོན་བཅས་ཀྱི་བོད་ཁུལ་ནས་བོད་ཡིག་གནའ་དཔེ་འཚོལ་སྡུད་ལེགས་སྒྲིག་བྱས། ཁྱད་པར་དུ་ཕོ་བྲང་པོ་ཏ་ལ་དང་ཕོ་བྲང་ནོར་བུ་གླིང་གའི་དཔེ་རྙིང་དཀར་ཆག་ལེགས་སྒྲིག་བྱས་ལ། དེའི་ཁྲོད་དུ་དཔེ་རྙིང་ལ་ལ་ནི་སྔོན་གྱི་བཀའ་གདམས་པ་དང་། བཀའ་རྒྱུད་པ། ཞི་གཅོད་པ་སོགས་ཀྱི་ཡིག་ཚང་ཆིག་རྐྱང་ཅན་ཡིན་ལ། ནང་དོན་ཀྱང་མདོ་སྔགས་འདུས་པའི་ནང་བའི་བསྟན་བཅོས་དང་། ལོ་རྒྱུས། རྣམ་ཐར། བརྡ་སྤྲོད། རྩོམ་རིག གསོ་དཔྱད། གནམ་རིག སྐར་རྩིས་སོགས་སྣ་མང་ཡོད་པ་མ་ཟད་བཀའ་བསྟན་ཁྲོད་དུ་མ་བཅུག་པའི་བསྟན་བཅོས་མང་པོ་ཡང་ཡོད། མིག་སྔར་འཚོལ་སྡུད་བྱས་ཟིན་པའི་གནའ་དཔེ་གླེགས་བམ་ཁྲི་བཞི་ལྷག་ཡོད་ལ། འདི་དག་གིས་བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་འཛུགས་པར་རྨང་གཞི་བརྟན་པོ་བཏིངས་ཡོད། དབུ་བརྙེས་པའི་མཛད་སྒོ་རུ་ཨན་ཆི་ཡི་ལགས་ཀྱིས་བསྟན་དོན། མ་འོངས་པར་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་རྒྱལ་ཡོངས་ཀྱི་བོད་རིག་པའི་ཞིབ་འཇུག་ལས་ཁུངས་སོ་སོ་དང་། སྤྱི་ཚོགས་ཀྱི་སྡེ་ཁག་སོ་སོར་འབྲེལ་གཏུག་དང་མཉམ་འབྲེལ་བརྗེ་རེས་གང་ལེགས་བྱས་ནས་བོད་ཀྱི་ཡིག་ཚང་མུ་མཐུད་དུ་འཐུས་ཚང་དང་ཕུན་སུམ་ཚོགས་པར་གཏོང་རྒྱུ་ཡིན། དེ་ཡང་མཉེན་ཆས་ཀྱི་འཛུགས་སྐྲུན་མཐོར་འདེགས་བཏང་ནས་དེང་རབས་ཅན་གྱི་ཆུ་ཚད་མཐོ་བའི་བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་ཤིག་འཛུགས་སྐྲུན་བྱས་ཏེ་བོད་ཀྱི་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་ཐད་ལ་ནུས་པ་གང་ཡོད་ཀྱིས་བྱས་རྗེས་འཇོག་རྒྱུ་ཡིན་ཟེར།