ཟླ8པའི་ཚེས་8ཉིན། མཚོ་སྔོན་ཞིང་ཆེན་ཀྱི་སྐབས་བཅུ་བདུན་པའི་བདེ་ཐང་སློབ་གསོ་ལེ་བར་ཁྲི་ཁྲག་ཏུ་བསྐྱོད་པ་ཞེས་པ་མགོ་ལོག་ཏུ་སོང་བ་དང་ཐུམ་འབུའི་ནད་ཀྱི་སྔོན་འགོག་མཁྲེགས་གཏོར་འགུལ་སྐྱོད་བྱ་འགུལ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ནས་དངོས་སུ་མགོ་བརྩམས།
ཉིན་དེའི་ཕྱི་དྲོར། མགོ་ལོག་ཁུལ་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་གེ་སེར་ཐང་ཆེན་དུ་ཞིང་ཆེན་རིམ་པའི་སྨན་བཅོས་ལས་ཁུངས་དང་མཉམ་འགོག་མཉམ་སྡོམ་མི་སྣའི་ལས་ཁུངས་དང་ཞིང་ཆེན་དང་། ཁུལ། རྫོང་རིམ་པ་གསུམ་པའི་ནད་རིགས་སྔོན་འགོག་ཚོད་འཛིན་སོགས་སྡེ་ཁག་གིས་ཡུལ་དངོས་ནས་སྤྱི་ཕན་སྨན་བཅོས་དྲིལ་སྒྲོག་བྱ་འགུལ་ཆེན་པོ་སྤེལ་བ་དང་། ཡུལ་དངོས་སུ་མང་ཚོགས་རྣམས་ལ་ཐུམ་འབུའི་ནད་སྔོན་འགོག་གི་ཤེས་བྱའི་བརྒྱུད་སྒྲོག་རྒྱུ་ཆ་སྟེར་བ་དང་། ཐུམ་འབུའི་ནད་ཀྱི་ཐད་ནས་བློ་འདྲི་བ་དང་འདེམས་ནས་བརྟག་དཔྱད་བྱེད་པ། སྤྱི་ཕན་སྨན་བཅོས་བྱེད་པ། རིན་མེད་སྒོས་སྨན་སྟེར་བ་སོགས་བྱས། ཞིང་ཆེན་ནས་ཆེད་མཁས་པ་སྤྱི་ཕན་སྨན་བཅོས་བྱེད་དུ་ཡོང་ཡོད་པ་ཤེས་པས་མང་ཚོགས་རྣམས་རྒྱུན་ཆད་མེད་པར་ནད་རྟགས་འདྲི་བ་དང་ནད་བཅོས་བྱེད་དུ་ཡོང་བ་དང་། དུས་ཚོད་གཉིས་ཙམ་གྱི་བྱ་འགུལ་ཁྲོད་བསྡོམས་པས་མི་སྟོང་གཉིས་ལྷག་ལ་སྤྱི་ཕན་སྨན་བཅོས་བྱས་ལ། རིན་མེད་སྒོས་སྒོར་ཁྲི་གཉིས་ཙམ་གྱི་རྒྱུན་སྤྱོད་སྨན་རྫས་བྱིན།
བྱ་འགུལ་སྐབས་སུ། མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་གིས་མགོ་ལོག་ཁུལ་མི་དམངས་སྨན་ཁང་གི་ཐུམ་འབུའི་ནད་བྱུང་ཡོད་པའི་ནད་པ་གསུམ་ལ་རྒྱང་བསྟེན་ནད་དཔྱད་བྱས་པ་དང་། གཤགས་བཅོས་ཇུས་གཞི་གཏན་འབེབས་བྱས་ནས་ཝུ་བའི་རིགས་ཀྱི་ཐུམ་འབུའི་ནད་པ་གཅིག་ལ་རླབས་ཕྲན་གསོ་བཅོས་ལག་བསྟར་བྱས་ལ། སྣོད་རིགས་ཐུམ་འབུའི་ནད་པ་གཉིས་ལ་རྩད་བཅོས་རང་བཞིན་གྱི་གཤགས་བཅོས་བྱས།