མཚོ་སྔོན་ཞིང་ཆེན་གྱིས་ཉིས་སྟོང་བཅུ་བདུན་ལོའི་ལོ་མཇུག་བར་དུ་དབུལ་ཕོངས་ངལ་རྩོལ་པ་ཁྲི་གཉིས་དང་སྟོང་ལྔ་གནས་སྤོར་ལས་ཞུགས་བྱེད་པ་མངོན་འགྱུར་བྱེད་རྒྱུ་རེད།
2017.08.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་མ་ལག་གི་དབུལ་ཐར་མཁྲེགས་གཏོར་བྱ་བའི་སྐུལ་འདེད་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ལོ་སྟོད་ལ། མཚོ་སྔོན་གྱི་དབུལ་ཕོངས་ངལ་རྩོལ་པས་ཞིང་ཆེན་ཕྱི་རུ་ཧུབ་རིང་ཟ་ཁང་ཞེ་གསུམ་འཛུགས་གཉེར་བྱས་ཏེ་མི་བརྒྱ་དང་དོན་གཉིས་ཀྱི་ལས་ཞུགས་གནད་དོན་ཐག་བཅད་ཡོད་པ་དང་། དབུལ་ཕོངས་ངལ་རྩོལ་པར་ལས་སྐྲུན་འགན་ལེན་དངུལ་སྐྱི་བ་དང་ལས་སྐྲུན་ཁ་གསབ་དངུལ་སྟེར་བ་སོགས་ཀྱི་སྲིད་ཇུས་ལག་བསྟར་བྱས་ནས་རིགས་སོ་སོའི་སྤྱི་ཚོགས་འགན་སྲུང་གི་ཁ་གསབ་དངུལ་སྒོར་བྱེ་བ་དྲུག་སྟེར་བ་མངོན་འགྱུར་བྱས།

ད་ལོར། མཚོ་སྔོན་ཞིང་ཆེན་གྱིས་ཡིག་ཚགས་ལས་ཏེ་བྱང་བུ་བྱིན་པའི་དབུལ་ཕོངས་མང་ཚོགས་ཀྱིས་ནད་ཚབས་ཆེན་སྨན་བཅོས་འགན་སྲུང་དངུལ་སྤྲོད་པའི་ཐོག་མའི་ཚད་གཞི་ཇེ་དམར་རུ་གཏོང་བ་དང་མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་དངུལ་གྲབས་ཚད་གཞི་དང་མཁར་གྲོང་སྡོད་དམངས་ཀྱི་ནད་ཚབས་ཆེན་གྱི་སྨན་བཅོས་འགན་སྲུང་དངུལ་གྲབས་གསོག་ཚད་གཞི་ཇེ་མཐོར་བཏང་ནས་མཁར་གྲོང་སྡོད་དམངས་དང་ལྷག་པར་དུ་དབུལ་ཕོངས་མང་ཚོགས་ཀྱི་ནད་སྟོན་དཀའ་བའི་གནད་དོན་ཐག་གཅོད་བྱས། ད་ལོའི་ལོ་སྨད་ལ་རིམ་པ་སོ་སོའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་གི་དབུལ་སྐྱོར་སྲིད་ཇུས་ཞིབ་འཇུག་གཏན་ཁེལ་བྱེད་པ་དང་བྱེད་ཐབས་སྣ་མང་སྤྱད་དེ་དབུལ་ཕོངས་ས་ཁུལ་གྱི་ངལ་རྩོལ་པས་ལས་ཞུགས་ལས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། གོང་རིམ་གྱིས་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ལས་ཞུགས་ལས་སྐྲུན་བྱ་བ་བཟང་བོར་བསྒྲུབ་པའི་ལག་བསྟར་བསམ་འཆར་ཕྱིར་འདོན་པ་དང་། གྲོང་ཁྱེར་དང་ཁུལ། རྫོང་བཅས་ཀྱིས་དབུལ་ཕོངས་རྫོང་དུ་ངལ་རྩོལ་བ་གདན་འདྲེན་བྱེད་པའི་བྱ་འགུལ་སྤེལ་ནས་དབུལ་ཕོངས་ངལ་རྩོལ་པས་གནས་སྤོར་ལས་ཞུགས་བྱས་ཏེ་ཡོང་འབབ་ཇེ་མང་དུ་གཏོང་བར་སྐུལ་འདེད་བྱེད་རྒྱུ་རེད།

དབུལ་ཕོངས་ངལ་རྩོལ་པར་ལས་སྐྲུན་འགན་ལེན་དངུལ་སྐྱི་བ་དང་ལས་སྐྲུན་ཁ་གསབ་དངུལ་དང་ཐེངས་གཅིག་རང་བཞིན་གྱི་ལས་སྐྲུན་བྱ་དགའི་དངུལ་སྟེར་བའི་སྲིད་ཇུས་ལག་བསྟར་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་དབུལ་ཕོངས་ས་ཁུལ་གྱི་ཞིང་བ་ཞོར་ལས་པ་སོགས་ཕྱིར་རང་ཡུལ་དུ་ལོག་ནས་ལས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་པ། མུ་མཐུད་དུ་དབུལ་ཐར་མཁྲེགས་གཏོར་གྱི་རྩལ་ནུས་གསོ་སྦྱོང་བྱ་འགུལ་རྩ་འཛུགས་བྱས་ཏེ་གསོ་སྦྱོང་གི་དངོས་ཡོད་ཕན་ནུས་མཐོར་འདེགས་བཏང་ནས། ཉིས་སྟོང་བཅུ་བདུན་ལོའི་ལོ་མཇུག་བར་དུ་ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་ངལ་རྩོལ་བ་ཁྲི་གཉིས་དང་སྟོང་ལྔ་གནས་སྤོར་ལས་ཞུགས་བྱེད་པ་དང་དབུལ་ཕོངས་ངལ་རྩོལ་བ་བརྒྱ་ལྷག་གིས་རང་བདག་ལས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་པ། དབུལ་སྐྱོར་སྤྱི་ཕན་རང་བཞིན་གྱི་ལས་གནས་མི་སྣ་བརྒྱད་བརྒྱ་དང་སོ་ལྔ་ལས་ཞུགས་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་རྒྱུ་རེད།