སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་རིང་ལུགས་ཞང་སྡེ་གསར་བ་དང་འབྲོག་ཁུལ་གསར་བ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་ཆེད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མུ་མཐུད་དུ་རིགས་སོ་སོའི་མ་དངུལ་ལེགས་སྒྲིག་དང་སྤྱི་ཚོགས་རིང་ལུགས་ཀྱི་ཞང་སྡེ་གསར་བ་དང་འབྲོག་ཁུལ་གསར་བ་འཛུགས་སྐྲུན་བྱེད་པའི་བཟོ་སྐྲུན་ལས་གཞི་བརྒྱད་ལག་བསྟར་བྱེད་རྒྱུ་ཐག་བཅད་དེ་ད་ལོར་བསྡོམས་པས་བཟོ་སྐྲུན་ལས་གཞི་ཞེ་དྲུག་བཀོད་སྒྲིག་བྱས་པ་དང་བསྡོམས་པས་མ་དངུལ་སྒོར་ཐེར་ཆེན་གཉིས་དང་ཐེར་འབུམ་གཅིག་དུང་ཕྱུར་གཅིག་བྱེ་བ་དགུ་ས་ཡ་དྲུག་གཏོང་རྒྱུའི་འཆར་གཞི་བཟོས། གསར་འགོད་པས་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་བཟོ་སྐྲུན་ལས་གཞི་བརྒྱད་པོའི་འཛུགས་སྐྲུན་བདེ་བླག་ངང་སྤེལ་བཞིན་ཡོད།
བཟོ་སྐྲུན་ལས་གཞི་བརྒྱད་པོའི་འཛུགས་སྐྲུན་སྔ་མོ་ནས་ལག་བསྟར་བྱེད་པ་དང་བྱེད་ནུས་འདོན་སྤེལ་བྱེད་པ། མང་ཚོགས་ལ་སྔ་མོ་ནས་ཁེ་ཕན་ཐོབ་པར་འགན་སྲུང་བྱེད་ཆེད་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་རིགས་སོ་སོའི་མ་དངུལ་བརྩོན་ལེན་བྱས་ཏེ་ད་ལོའི་ལོ་སྟོད་ལ་ཐོན་སྐྱེད་དང་འཚོ་བའི་སྒྲིག་ཆས་འཛུགས་སྐྲུན་བཟོ་སྐྲུན་དང་ཆུ་གློག་ལམ་གསུམ་གྱི་འཛུགས་སྐྲུན་བཟོ་སྐྲུན། རོང་འབྲོག་མང་ཚོགས་ཀྱི་བདེ་ཐང་བཟོ་སྐྲུན། རིག་གནས་དང་ཁྲིམས་ལུགས་སྡེ་བར་སྐྱོད་པའི་བཟོ་སྐྲུན། དབུལ་སྐྱོར་གསར་སྤེལ་བཟོ་སྐྲུན། སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན། མཐོ་སྒང་གི་མཛེས་པའི་ཞང་སྡེ་འཛུགས་སྐྲུན་སོགས་ཀྱི་ཐད་བསྡོམས་པས་མ་དངུལ་སྒོར་ཐེར་ཆེན་གཉིས་དང་ཐེར་འབུམ་གསུམ་དུང་ཕྱུར་བརྒྱད་བྱེ་བ་དྲུག་ས་ཡ་དྲུག་བཏང་བ་དང་འཆར་གཞིའི་མ་དངུལ་གཏོང་ཚད་ཀྱི་བརྒྱ་ཆའི་བརྒྱ་དང་བཅུ་གསུམ་ཟིན།