ཉེ་ལམ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་གཅིག་བསྡུས་ཐོན་དབང་ལམ་ལུགས་བཅོས་སྒྱུར་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཧོང་ཀྲུང་རྫོང་ནས་སྒྲུབ་མགོ་བརྩམས་པ་དང་། ཞིང་ཆེན་ཡོངས་ཀྱི་ཁུལ་དང་གྲོང་ཁྱེར་བརྒྱད་ནས་ཡོང་བའི་ཞང་སྡེ་བྱ་བའི་འགན་ཁུར་མི་སྣ་གཙོ་བོ་དང་ཞིང་ཕྱུགས་ཅུའུ་ཡི་ཅུའུ་ཀྲང་སོགས་མི་བརྒྱ་དང་བཞི་བཅུ་ལྷག་གསོ་སྦྱོང་ལ་ཞུགས།
རྒྱུས་ལོན་བྱུང་བ་ལྟར་ན། རོང་འབྲོག་ཁུལ་གྱི་གཅིག་བསྡུས་ཐོན་དབང་ལམ་ལུགས་བཅོ་སྒྱུར་བྱེད་པ་ནི་ཞང་སྡེའི་ས་ཞིང་གི་དབང་གསུམ་མཉམ་བགོ་ལམ་ལུགས་གལ་ཆེན་གསར་གཏོད་བྱས་པའི་རྗེས་ཀྱི་ཡུན་རིང་ལ་དོ་དམ་བྱེད་པ་དང་སྤྱི་ཡོངས་ལ་དོ་དམ་བྱེད་པའི་བཅོས་སྒྱུར་ལམ་ལུགས་གལ་ཆེན་ཞིག་ཡིན་པ་དང་། རྣམ་པ་གསར་བའི་འོག་རོང་འབྲོག་ཁུལ་གྱི་ཐོན་སྐྱེད་འབྲེལ་བ་འཐུས་ཚང་དུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་དང་། ཁྱོན་ཡོངས་ནས་རོང་འབྲོག་ཁུལ་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་ལས་འགན་གལ་ཆེན་ཞིག་ཡིན། བཅོས་སྒྱུར་བྱེད་པའི་དམིགས་ཡུལ་ནི་ཞང་སྡེའི་ཐོན་ཁུངས་དེ་མ་དངུལ་དུ་བསྒྱུར་བ་དང་། མ་དངུལ་མ་རྩར་བསྒྱུར་བ། མ་རྩ་ཡོང་འབབ་ཏུ་བསྒྱུར་ཏེ་རོང་འབྲོག་མང་ཚོགས་ཀྱི་ཕྱུག་འགྱུར་གོམ་སྟབས་ཇེ་མགྱོགས་སུ་གཏོང་རྒྱུ་དེ་རེད།
ཐེངས་འདིའི་བཅོས་སྒྱུར་གྱི་སྲིད་ཇུས་རང་བཞིན་དྲག་པ་དང་བཅོས་སྒྱུར་བྱ་བའི་ནང་དོན་མང་བ། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་དམ་ཟབ་ཡོད་ལ། ཞིང་ཆེན་ཡོངས་ཀྱི་སྡེ་བ་སྟོང་བཞི་བརྒྱ་དང་རེ་དགུ་དང་རོང་འབྲོག་ཁྱིམ་ཚང་འབུམ་དགུ་དང་འབྲེལ་ཡོད།
ཐེངས་འདིའི་གསོ་སྦྱོང་སྐབས་སུ། ཞིང་ཆེན་ཞིང་ཕྱུགས་ཐིན་གྱིས་གཟའ་འཁོར་གཅིག་གི་དུས་ཚོད་བེད་སྤྱད་དེ་སྲིད་ཇུས་དང་ལག་རྩལ་སོགས་ཀྱི་ངོས་ནས་གསོ་སྦྱོང་ཐེངས་གཉིས་ལ་སྤེལ་རྒྱུ་ཡིན་པ་དང་། གཙོ་བོར་གྲོང་ཁྱེར་དང་ཁུལ། རྫོང་བཅས་ཀྱི་མགོ་ཁྲིད་གཙོ་བོ་དང་ཞིང་ཕྱུགས་ཅུའུ་ཡི་ཅུའུ་ཀྲང་སོགས་ལ་སྲིད་ཇུས་དང་འབྲེལ་བ་ཡོད་པ་དང་མ་དངུལ་དོ་དམ་བྱེད་པ། ཆ་འཕྲིན་སྟེགས་བུ་བཀོལ་སྤྱོད་བྱེད་པ། གཅིག་བསྡུས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་སོགས་ཀྱི་ནང་དོན་གཙོར་བཟུང་ནས་གསོ་སྦྱོང་བྱེད་རྒྱུ་རེད།