མཚོ་སྔོན་ཞིང་ཆེན་གྱིས་ལག་བསྟར་བསམ་འཆར་ཕྱིར་བཏོན་ནས་དཀའ་ཁག་ཅན་གྱི་བྱིས་པ་ཁྲི་གསུམ་ལྷག་ལ་གཞི་རྩའི་འགན་སྲུང་འདོན་སྤྲོད་བྱས།
2017.08.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 7

ཟླ་8པའི་ཚེས་30ཉིན། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱིས་འཕྲིན་བཟང་བསྒྲགས་ཏེ《མཚོ་སྔོན་ཞིང་ཆེན་གྱི་དཀའ་ཁག་ཅན་གྱི་བྱིས་པའི་འགན་སྲུང་བྱ་བའི་སྐོར་གྱི་ལག་བསྟར་བསམ་འཆར》དངོས་སུ་པར་བསྐྲུན་འགྲེམ་སྤེལ་བྱས། འདི་ནི་མཚོ་སྔོན་ཞིང་ཆེན་གྱིས་དྭ་ཕྲུག་གི་འགན་སྲུང་ལམ་ལུགས་བཙུགས་པའི་རྗེས་སུ་ཐོག་མར་ཞིང་ཆེན་རིམ་པ་ནས་རིགས་སོ་སོའི་དཀའ་ཁག་ཅན་གྱི་བྱིས་པའི་འགན་སྲུང་ཐད་བསྒྲུབ་པའི་ལམ་ལུགས་རང་བཞིན་གྱི་བཀོད་སྒྲིག་ཡིན་ཞིང་། མིག་སྔའི་མཚོ་སྔོན་ཞིང་ཆེན་གྱི་དཀའ་ཁག་ཅན་གྱི་བྱིས་པའི་གཞི་རྩའི་འཚོ་གནས་དང་འཕེལ་རྒྱས་ཁྲོད་གནས་པའི་འབུར་ཐོན་གནད་དོན་ཐག་བཅད་ནས་ཞིང་ཆེན་ཡོངས་ཀྱི་དཀའ་ཁག་ཅན་གྱི་བྱིས་པ་ཁྲི་གསུམ་ལྷག་གི་གཞི་རྩའི་འགན་སྲུང་ཐད་ནུས་ཡོད་ཀྱི་སྲིད་ཇུས་འདེགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་རེད།

《ལག་བསྟར་བསམ་འཆར》ལས་དཀའ་ཁག་ཅན་གྱི་བྱིས་པའི་འགན་སྲུང་རིགས་དབྱེ་གསལ་བོ་བྱས་ཡོད་པ་རེད། དཀའ་ཁག་ཅན་གྱི་བྱིས་པ་རྣམས་ཁྱིམ་ཚང་དཀའ་ཁག་ཅན་དང་རང་སྟེང་ན་དཀའ་ཁག་ཡོད་པ། ལྟ་སྐྱོང་དཀའ་ཁག་ཅན་ལྟར་རིགས་དབྱེ་པས་དབྱེ་མཚམས་ཚད་གཞི་གསལ་བོ་ཡིན་ལ། དཀའ་ཁག་ཅན་གྱི་བྱིས་པའི་འགན་སྲུང་བྱེད་ཐབས་གསལ་བོ་བྱས། དཀའ་ཁག་ཅན་གྱི་བྱིས་པའི་གཞི་རྩའི་འཚོ་བ་དང་སྨན་བཅོས་ལ་ཤུགས་སྣོན། སློབ་གསོ་སྲ་སྒྱུར། ལྟ་སྐྱོང་འགན་ཁུར་དངོས་འབེབས། དབང་བོ་སྐྱོན་ཅན་གྱི་བྱིས་པའི་ཕན་བདེ་ཞབས་ཞུ་ལ་ཤུགས་སྣོན། བདེ་འཇགས་སྲུང་སྐྱོབ་སྲ་སྒྱུར་བྱེད་པ་བཅས་ཕྱོགས་དྲུག་ལ་འགན་སྲུང་བྱེད་པའི་ཐད་ཞིབ་ཕྲའི་བྱེད་ཐབས་བཏོན། ད་ཡོད་ཀྱི་འགན་སྲུང་སྲིད་ཇུས་སྦྲེལ་མཐུད་བྱེད་པའི་རྨང་གཞིའི་སྟེང་། འགན་སྲུང་ཁྱབ་ཁོངས་དང་འགན་སྲུང་ཚད་གཞི་ཁ་ཤས་གསར་གཏོད་དང་མཐོ་རུ་བཏང་ནས་དཀའ་ཁག་ཅན་གྱི་བྱིས་པའི་འགན་སྲུང་མ་ལག་གསལ་བོ་བྱས་པ་དང་། ཞིང་ཆེན་ནང་ཁུལ་གྱི་གནས་ཚུལ་དངོས་ལ་གཞིགས་ནས་གྲོང་ཁྱེར་དང་ཁུལ་མི་དམངས་སྲིད་གཞུང་དང་རྫོང་རིམ་པའི་མི་དམངས་སྲིད་གཞུང་། ཞང་དང་གྲོང་རྡལ་གྱི་མི་དམངས་སྲིད་གཞུང་། སྡེ་དམངས་ཨུ་ཡོན་ལྷན་ཁང་གི་རིམ་པ་བཞི་བའི་དྲ་རྒྱའི་འཛུགས་སྐྲུན་ཐད་རེ་བ་བཏོན་པ་མ་ཟད། འབྲེལ་ཡོད་ལས་ཁུངས་དང་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་དཀའ་ཁག་ཅན་གྱི་བྱིས་པའི་འགན་སྲུང་ལ་ཤུགས་སྣོན་པའི་བྱ་བའི་ཁྲོད་ཀྱི་ལས་འགན་གསལ་བོ་བྱས་ནས་སྡེ་ཁག་གི་མཐུན་སྦྱོར་མཉམ་འགུལ་རྐྱེན་སྲོལ་འཛུགས་སྐྲུན་ཐད་རྨང་གཞི་བརྟན་པོ་བཏིངས།