གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུན་ལོན་བྱུང་བ་ལྟར་ན། ཟླ8པའི་ཚེས1ཉིན་ནས་ཚེས25ཉིན་བར། མཚོ་སྔོན་ཞིང་ཆེན་ཕན་བདེ་སྙིང་རྗེ་སྨན་ཁང་གི་ཐུམ་འབུའི་ནད་ཀྱི་ནད་རིགས་གྲལ་བཤེར་སྨན་བཅོས་ཚོགས་པ་རྩེ་ཁོག་རྫོང་དུ་སོང་ནས་ནད་རིགས་གྲལ་བཤེར་བྱ་བ་སྤེལ་ཞིང་། ཐུམ་འབུའི་ནད་སྔོན་འགོག་དང་བདེ་ཐང་འཚོ་བའི་འདུ་ཤེས་ཁྱིམ་ཚང་སྟོང་ཕྲག་ལ་བརྒྱུད་སྒྲོག་བྱས།
སྨན་བཅོས་ཚོགས་པའི་ཚོགས་མིས་དབྱང་དབུགས་དཀོན་པ་དང་ལུས་ཕུང་མི་བདེ་བ་སོགས་ཀྱི་དཀའ་ཁག་ལ་མ་འཛེམ་པར་ཉིན་ཉེར་བཞིའི་རིང་ལ་རྒྱུན་མཐུད་དེ་བྱ་བ་བསྒྲུབས་པ་དང་། ཉིན་གསུམ་གྱི་ནང་ཞང་གྲོང་གཅིག་ལ་གྲལ་བཤེར་བྱེད་པའི་གྲུབ་འབྲས་ཀྱིས་རྫོང་ཡོངས་ཀྱི་ཞང་གྲོང་བརྒྱད་ཀྱི་གྲལ་བཤེར་ལས་འགན་ཡོངས་འགྲུབ་བྱས་པས། རྩེ་ཁོག་རྫོང་སྲིད་གཞུང་དང་རྫོང་འཕྲོད་བསྟེན་ཅུའུ་ཡི་འགོ་ཁྲིད་དང་ས་གནས་མང་ཚོགས་ཀྱི་དགའ་བསུ་ཚད་མེད་ཐོབ། སྡོམ་རྩིས་བྱས་པ་ལྟར་ན། ཐེངས་འདིའི་བྱ་འགུལ་ཁྲོད་བསྡོམས་པས་མི་སྟོང་གཉིས་དང་ང་གཅིག་ལ་གྲལ་བཤེར་བྱས་པ་དང་། ཐུམ་འབུའི་ནད་པ་ཉེར་ལྔ་དང་། གཤགས་བཅོས་བྱས་རྗེས་ཀྱི་ཐུམ་འབུའི་ནད་པ་དྲུག མཆིན་པ་སྣོད་སྐྲངས་དང་མཆིན་པའི་ཁྲག་སྐྲན་བྱུང་ཡོད་པའི་ནད་པ་བཅུ་དགུ་ཤེས་གསལ་བྱུང་།
གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། རྩེ་ཁོག་རྫོང་དང་མཚོ་སྔོན་ཞིང་ཆེན་ཕན་བདེ་སྙིང་རྗེ་སྨན་ཁང་གཉིས་ཀྱི་ཐུམ་འབུའི་ནད་ཀྱི་སྨན་བཅོས་རོགས་སྐྱོབ་ཀྱི་དབུལ་ཐར་མཁྲེགས་གཏོར་ལས་གཞིའི་གྲོས་མཐུན་ལ་གཞིགས་ན། གྲལ་བཤེར་བྱས་པའི་ནད་པ་རྣམས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་དང་མཚོ་སྔོན་ཞིང་ཆེན་སྙིང་རྗེ་རོགས་སྐྱོབ་སྤྱིའི་ཚོགས་པ་གཉིས་ཀྱིས་མཉམ་དུ་སྤེལ་ཞིང་། མཚོ་སྔོན་ཞིང་ཆེན་ཕན་བདེ་སྙིང་རྗེ་སྨན་ཁང་གིས་ལག་བསྟར་བྱེད་པའི་སྙིང་རྗེ་འབུ་སེལ་རོགས་སྐྱོབ་བྱ་འགུལ་གྱི་སྨན་བཅོས་རོགས་སྐྱོབ་ལས་གཞི་ཁྲོད་བཞག་ནས་རིན་མེད་སྨན་བཅོས་བྱེད་རྒྱུ་རེད། མཚོ་སྔོན་ཞིང་ཆེན་ཕན་བདེ་སྙིང་རྗེ་སྨན་ཁང་གིས་སྨན་བཅོས་དབུལ་ཐར་མཁྲེགས་གཏོར་བརྒྱུད་ནས་རྩེ་ཁོག་རྫོང་གི་དབུལ་ཕོངས་ཁྱིམ་ཚང་གི་ཐུམ་འབུའི་ནད་པ་དཀའ་སྡུག་ལས་ཐར་བར་བྱས་པ་དང་། ནད་བྱུང་བར་བརྟེན་ནས་དབུལ་བོར་འགྱུར་བ་དང་ནད་བྱུང་བར་བརྟེན་ནས་ཕྱིར་དབུལ་བོར་འགྱུར་བའི་སྣང་ཚུལ་ཇེ་ཉུང་དུ་བཏང་ནས་རྩེ་ཁོག་རྫོང་གི་དབུལ་ཕོངས་ཁྱིམ་ཚང་སྔ་མོ་ནས་དབུལ་ཐར་བྱེད་པར་རོགས་རམ་བྱས།