མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་གིས་སྨན་བཅོས་ལས་ཁུངས་ཀྱིས་ཁྲིམས་ལྟར་ལས་གཉེར་བྱེད་པར་ཆེད་དོན་ལྟ་སྐུལ་ཞིབ་བཤེར་སྤེལ།
2017.09.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 6

ཁྲིམས་ལྟར་ཞིང་ཆེན་སྐྱོང་བ་དང་ཁྲིམས་ལྟར་སྨན་པ་སྐྱོང་བའི་སྤྱིའི་རེ་བ་དངོས་འབེབས་བྱེད་པ་དང་། སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་ཁྲིམས་ལྟར་ལས་གཉེར་བྱེད་པར་སྐུལ་འདེད་གཏོང་བ། ངེས་པ་དོན་གྱིས་མི་དམངས་མང་ཚོགས་ཀྱི་བདེ་ཐང་གི་ཁེ་དབང་ལ་སྲུང་སྐྱོབ་བྱེད་ཆེད། ད་ལོའི་ཟླ་བཞི་བ་ནས་ཟླ་བརྒྱད་པའི་བར་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་ལྟ་སྐུལ་ཁང་གིས་ཞིང་ཆེན་རིམ་པའི་སྨན་བཅོས་ལས་ཁུངས་ཀྱིས་ཁྲིམས་ལྟར་ལས་གཉེར་བྱེད་པར་ཆེད་དོན་ལྟ་སྐུལ་ཞིབ་བཤེར་སྤེལ།

འཐེན་བཤེར་བྱས་པའི་སྨན་བཅོས་ལས་ཁུངས་ཉེར་གཉིས་ཀྱི་ལས་གཉེར་བྱ་སྤྱོད་ཕལ་ཆེར་ཚད་ལྡན་ཡིན་ནའང་། ལས་ཁུངས་ལ་ལར་སྔར་བཞིན་ཁྲིམས་འགལ་བྱ་སྤྱོད་གནས་ཡོད་པ་རེད། དེའི་ནང་། སྨན་བཅོས་ལས་ཁུངས་བཞི་ཡིས་ཚོད་འཛིན་བྱས་ཡོད་པའི་ནད་ཐོག་སྨན་བཅོས་ཀྱི་སྨན་བཅོས་ལག་རྩལ་ཐོ་འགོད་བྱས་མེད་པ་དང་། སྨན་བཅོས་ལས་ཁུངས་གཅིག་གིས་འཕྲོད་བསྟེན་ལག་རྩལ་མི་སྣ་མིན་པ་དག་སྨན་པའི་ནད་བརྟག་སྨན་བཅོས་བྱ་འགུལ་ཁྲོད་ཞུགས་སུ་བཅུག་ཡོད་པས། ལྟ་སྐུལ་མི་སྣས་དུས་ཐོག་ཏུ་ཚང་མར《འཕྲོད་བསྟེན་ལྟ་སྐུལ་བསམ་འཆར་ཡི་གེ》བྱིན་ནས་མྱུར་དུ་དག་ཐེར་ལེགས་བཅོས་བྱེད་དགོས་པའི་རེ་བ་བཏོན་པར་མ་ཟད། འཕྲོད་བསྟེན་ལག་རྩལ་མི་སྣ་མིན་པ་བཀོལ་སྤྱོད་བྱས་པའི་ལས་ཁུངས་ལ་སྒོར་སྟོང་ལྔའི་ཆད་པ་བཅད་པ་དང་། འཕྲོད་བསྟེན་ལག་རྩལ་མི་སྣ་མིན་པ་གཉིས་ལ་སྒོར་སྟོང་གསུམ་དང་ལྔ་བརྒྱའི་ཆད་པ་བཅད་པ་རེད། དག་ཐེར་ལེགས་བཅོས་བྱེད་པའི་དུས་ཡུན་མཇུག་རྫོགས་རྗེས་ལྟ་སྐུལ་མི་སྣས་གནད་དོན་ཡོད་པའི་ལས་ཁུངས་ལ་ཕྱིར་རྟོག་བྱས་ཤིང་། གོང་གི་སྨན་བཅོས་ལས་ཁུངས་བཞི་བོ་དེའི་ཚོད་འཛིན་བྱས་ཡོད་པའི་ནད་ཐོག་སྨན་བཅོས་ཀྱི་སྨན་བཅོས་ལག་རྩལ་ཐོ་འགོད་རྒྱུ་ཆ་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་སྨན་སྲིད་སྨན་བཅོས་དོ་དམ་ཅུའུ་ལ་སྤྲད་པ་དང་། སྨན་པའི་ལས་གཉེར་དཔང་ཡིག་བླངས་མེད་པའི་སྨན་བཅོས་ལས་ཁུངས་གཅིག་གི་ལས་ཞུགས་མི་སྣར་གོང་རིམ་གྱི་མཛུབ་སྟོན་དགེ་རྒན་བཀོད་སྒྲིག་བྱས་པས་དག་ཐེར་ལེགས་བཅོས་བྱེད་ཐབས་ཚང་མ་དོན་ཐོག་ཏུ་འཁྱོལ་བར་བྱས།

རྒྱུན་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་ལྟ་སྐུལ་ཁང་གིས་ད་དུང་མུ་མཐུད་དུ་ཁྲིམས་ལྟར་ལས་གཉེར་བྱེད་པར་ལྟ་སྐུལ་དོ་དམ་བྱེད་པ་དེ་ཉིན་རྒྱུན་གྱི་ལྟ་སྐུལ་བྱ་བའི་ཁྲོད་བཞག་ནས་དུས་ཡུན་རིང་བོའི་ལྟ་སྐུལ་རྐྱེན་སྲོལ་གྲུབ་པར་བྱས་ཏེ་རིགས་སོ་སོའི་ཁྲིམས་འགལ་ལུགས་འགལ་བྱ་སྤྱོད་ལ་གཟབ་ནན་གྱིས་ཞིབ་བཤེར་བྱས་ནས་མི་དམངས་མང་ཚོགས་ཀྱི་བདེ་ཐང་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ་རེད།