དམག་དཔུང་གིས་མཚོ་སྔོན་ཞིང་ཆེན་གྱི་ཐུམ་འབུའི་ནད་སྨན་བཅོས་བྱ་བར་རོགས་སྐྱོར་བྱེད་པའི་བྱ་འགུལ་མགོ་བརྩམས།
2017.09.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

ཟླ་དགུ་བའི་ཚེས་དྲུག་ཉིན། ཝུའུ་ཧན་མཉམ་འབྲེལ་མཁོ་སྒྲུབ་འགན་སྲུང་དམག་དཔུང་གི་སྨན་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་ཐུམ་འབུའི་ནད་སྨན་བཅོས་བྱ་བར་རོགས་སྐྱོར་བྱེད་པའི་བྱ་འགུལ་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་ནས་མགོ་བརྩམས། འདི་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་དམག་ཨུའི་མཁོ་སྒྲུབ་འགན་སྲུང་པུའུ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་སོགས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་ཇུས་ཆོད་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་ཁྱོན་ཡོངས་ནས་མཚོ་སྔོན་ཞིང་ཆེན་གྱི་ཐུམ་འབུའི་ནད་འགོག་བཅོས་བྱ་བར་སྐུལ་འདེད་གཏོང་བ་དང་བདེ་ཐང་དབུལ་སྐྱོར་བྱ་བར་རྒྱལ་ཁ་ལེན་པའི་ལས་འགན་གལ་ཆེན་ཞིག་ཀྱང་ཡིན།

ཉིས་སྟོང་ཉི་ཤུ་ལོའི་བར་དུ། ལོ་རེར་མཉམ་འབྲེལ་མཁོ་སྒྲུབ་འགན་སྲུང་དམག་དཔུང་གི་སྨན་ཁང་གིས་སྨན་བཅོས་རྐང་འཛིན་མི་སྣ་མངགས་ཏེ་མཚོ་སྔོན་ཞིང་ཆེན་གྱི་ཡུས་ཧྲུའུ་དང་མགོ་ལོག་ཁུལ་གཉིས་ཀྱི་ཐུམ་འབུའི་ནད་པར་ཞིབ་བཤེར་དང་སྨན་བཅོས་གཙོ་བོ་ཡིན་པའི་ཐུམ་པའི་ནད་ཀྱི་སྨན་བཅོས་བྱ་འགུལ་སྤེལ་བ་དང་། མཚོ་སྔོན་ཞིང་ཆེན་གྱི་སྨན་ཁང་དག་གི་ཕྱི་ནད་ཚན་ཁག་དང་བུ་སྐྱེ་ཚན་ཁག་སོགས་ལག་རྩལ་སྟོབས་ཤུགས་ཞན་པའི་ཚན་ཁག་ལ་རོགས་སྐྱོར་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་གཞི་རིམ་སྨན་བཅོས་ལས་ཁུངས་ཀྱི་ནུས་པ་དང་ཆུ་ཚད་མཐོར་འདེགས་གཏོང་རྒྱུ་རེད། དེ་དང་མཉམ་དུ། དམག་དཔུང་གི་སྨན་བཅོས་ཆེད་མཁས་པས་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་དུ་ཁྱབ་ཁོངས་མང་པོ་དང་ཕྱོགས་མང་པོའི་སྒོ་ནས་ཚན་རིག་ཞིབ་འཇུག་མཉམ་ལས་དང་རིག་གཞུང་བརྗེ་རེས་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་སྨན་བཅོས་ལས་ཁུངས་ཀྱི་ཐུམ་འབུའི་ནད་ཀྱི་ཞིབ་འཇུག་དང་སྨན་བཅོས་ལག་རྩལ་སོགས་ཀྱི་ནུས་པ་ཇེ་མཐོར་འགྲོ་བར་སྐུལ་འདེད་གཏོང་རྒྱུ་རེད།

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་བ་དང་ནད་པར་ཞིབ་བཤེར་བྱེད་ཚད་རྒྱ་བསྐྱེད་པ། སྨན་བཅོས་བྱེད་ཤུགས་ཇེ་དྲག་ཏུ་བཏང་བ། སྨན་བཅོས་རོགས་སྐྱོར་སོགས་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་ཐུམ་འབུའི་ནད་སོགས་ཕྱོགས་བསྡུས་འགོག་བཅོས་བྱ་བར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད།