ལྷན་སྐྱེས་སྙིང་ནད་ཡོད་པའི་དབུལ་ཕོངས་བྱིས་པ་ཉིས་བརྒྱ་ལྷག་ལ་རིན་མེད་སྨན་བཅོས་བྱེད་རྒྱུ་རེད།
2017.09.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 7

ཟླ9བའི་ཚེས་5ཉིན། ཀྲུང་གོ་རྒྱ་གྲམ་དམར་པོའི་ཚོགས་པ་དང་མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོའི་ཚོགས་པ་གཉིས་ཀྱི་བྱིས་པའི་ཉི་འོད་ཐེབས་རྩའི་གནས་གཏན་སྨན་ཁང་དེ་མཚོ་སྔོན་རྒྱ་གྲམ་དམར་པོའི་སྨན་ཁང་ནས་དངོས་སུ་བཙུགས་པ་དང་། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོའི་ཚོགས་པས་འཐེན་བཤེར་བྱས་པའི་ལྷན་སྐྱེས་སྙིང་ནད་ཡོད་པའི་དབུལ་ཕོངས་བྱིས་པ་ཉིས་བརྒྱ་ལྷག་ཁག་བགོས་ཏེ་གནས་གཏན་སྨན་ཁང་ནས་རིན་མེད་སྨན་བཅོས་བྱེད་རྒྱུ་རེད།

ད་ལོའི་ལོ་སྟོད་ལ། ཀྲུང་གོ་རྒྱ་གྲམ་དམར་པོའི་ཚོགས་པས་རྒྱབ་སྐྱོར་དང་ལག་བསྟར་བྱས་པའི་བྱིས་པའི་ཉི་འོད་ཐེབས་རྩའི་རྒྱན་ཤོག་སྤྱི་ཕན་མ་དངུལ་གྱི་ལྷན་སྐྱེས་སྙིང་ནད་ཡོད་པའི་དབུལ་ཕོངས་བྱིས་པའི་རོགས་སྐྱོབ་ལས་གཞིའི་མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་དྲུག་དེ་ལག་བསྟར་བྱས་ཚར་ལ། བསྡོམས་པས་མཚོ་སྔོན་ཞིང་ཆེན་གྱི་ལྷན་སྐྱེས་སྙིང་ནད་ཡོད་པའི་དབུལ་ཕོངས་བྱིས་པ་བརྒྱ་དང་སུམ་ཅུ་ལ་རོགས་སྐྱོབ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་རོགས་སྐྱོབ་མ་དངུལ་སྒོར་འབུམ་གཉིས་དང་ཁྲི་བདུན་སྟོང་གཅིག་བརྒྱ་ཡིས་བྱིས་པ་ཚང་མར་རིན་མེད་སྨན་བཅོས་བྱེད་པ་མངོན་འགྱུར་བྱས། མཚོ་སྔོན་ཞིང་ཆེན་འདི་ཉིད་བྱིས་པའི་ཉི་འོད་ཐེབས་རྩའི་ཀྲུང་གོའི་མཐའི་མའི་འདྲི་གཅོད་དབང་ཆ་ཞིང་ཆེན་ལ་བྱིན་པའི་ཞིང་ཆེན་གཅིག་པུ་ཡིན་པའི་ཆ་ནས། བསྡོམས་པས་ལྷན་སྐྱེས་སྙིང་ནད་ཡོད་པའི་བྱིས་པ་རྣམས་ལ་རོགས་སྐྱོབ་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་གཉིས་ལྷག་བརྩོན་ལེན་བྱས་ཏེ་བྱིས་པ་དྲུག་བརྒྱ་དོན་བཞི་ལ་ཕན་ཁེ་བསྐྲུན།

མིག་སྔར། མཚོ་སྔོན་ཞིང་ཆེན་ན་ད་རུང་ལྷན་སྐྱེས་སྙིང་ནད་ཡོད་པའི་དབུལ་ཕོངས་བྱིས་པ་ཉིས་བརྒྱ་ལྷག་གིས་རེ་ཞུ་བྱས་ཏེ་རོགས་སྐྱོབ་བྱེད་པར་རེ་སྒུག་བྱས་ཡོད་པས། ངེས་པར་དུ་གཤགས་བཅོས་བྱེད་དགོས་པའི་བྱིས་པ་དག་ལ་འགོར་འགྱང་མི་བྱེད་ཆེད། ཀྲུང་གོ་རྒྱ་གྲམ་དམར་པོ་ཐེབས་རྩ་ཚོགས་པས་རྒྱན་ཤོག་སྤྱི་ཕན་མ་དངུལ་སྒོར་འབུམ་ལྔ་དང་མི་ཆོས་རོགས་སྐྱོབ་མ་དངུལ་སྒོར་འབུམ་གཅིག་དང་ཁྲི་གཉིས། མཚོ་སྔོན་རྒྱ་གྲམ་དམར་པོ་ཚོགས་པའི་མ་དངུལ་སྒོར་འབུམ་གསུམ་དང་ཁྲི་བརྒྱད། བསྡོམས་པས་སྒོར་ས་ཡ་གཅིག་བཏང་ནས་མཉམ་འབྲེལ་གནས་གཏན་སྨན་ཁང་གིས་ཆེད་མཁས་པ་དང་དང་བླངས་པ་རྩ་འཛུགས་བྱས་ཏེ་ལྷན་སྐྱེས་སྙིང་ནད་ཡོད་པའི་དབུལ་ཕོངས་བྱིས་པར་འཐེན་བཤེར་བྱས་པར་ཡང་བསྐྱར་འཚམས་འདྲི་བྱེད་པའི་བྱ་འགུལ་སྤེལ་ཞིང་། འཐེན་བཤེར་བྱས་ནས་ཤེས་གསལ་བྱུང་བའི་བྱིས་པ་རྣམས་ལ་ནད་བརྟག་གི་ཡང་ལྕི་དང་ཆེད་མཁས་པའི་བསམ་འཆར་ལྟར་ཁག་བགོས་ནས་གནས་གཏན་སྨན་ཁང་དུ་རིན་མེད་སྨན་བཅོས་ལག་བསྟར་བྱེད་རྒྱུ་རེད།